དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཀྱི་དཀའ་གནད་སེལ་བར་ལག་བསྟར་ཆོག་པའི་ཐབས་ལམ་མཁོ་འདོན་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-09-13

    ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་སྐབས། ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་ཀྱིས་དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་སྐྲུན་གྱི་ཡོད་ཅེས་གསུངས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་དམིགས་ནས། ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས་པ་དང་། ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་གཏོང་དགོས་པ། ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་གྲོས་འགོ་ཁག་4བཏོན་གནང་ཡོད། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བའི་བཞེད་དོན་ཁག་4དང་། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བའི་ཐད་རྩ་དོན་ཁག་4བཏོན་གནང་རྗེས་དབུས་ཤར་ས་ཁུལ་གྱི་དུས་བབ་ཧྲིལ་པོ་ཡུན་རིང་བདེ་འཁོད་ཡོང་བར་སླར་ཡང་སྐྱེས་སུ་ཕུལ་བའི་ཀྲུང་གོའི་ཇུས་གཞི་ཞིག་ཡིན་ཞིང་། དེ་ལས་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་བློ་གྲོས་སྐྱེས་སུ་ཕུལ་བའི་འགན་འཁྲི་འཁུར་སེམས་མངོན་ཡོད།

    དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་སྐྲུན་པར་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས། དབུས་ཤར་ས་ཁུལ་གྱི་མི་དམངས་ནི་ས་ཁུལ་གྱི་མདུན་ལམ་དང་ལས་དབང་གི་བདག་པོ་ཡིན་པས། དབུས་ཤར་ས་ཁུལ་བདེ་འཇགས་ལས་དོན་གྱི་གཙོ་ཁྲིད་དབང་ཆ་དབུས་ཤར་རྒྱལ་ཁབ་རང་ཉིད་ཀྱིས་སྟངས་འཛིན་བྱེད་དགོས། ཉེ་བའི་ལོ་ཤས་རིང་། རྒྱུན་མཐུད་ངང་འཕྱུར་བའི་དབུས་ཤར་ས་ཁུལ་གྱི“ཞི་བའི་འདུམ་འགྲིག་གི་རླབས་རྒྱུན”ནས་སོ་ཏི་ཨ་རབ་དང་། ཐུར་ཁེ། ཕ་ཁི་སི་ཐན། ཨེ་ཅིབ་བཅས་རྒྱལ་ཁབ་བཞིའི་ལམ་སྲོལ་ཅན་གྱི་གྲོས་མོལ་བར། ས་ཁུལ་རྒྱལ་ཁབ་ཀྱི་རང་བཙན་རང་བདག་དང་མཉམ་འབྲེལ་རང་དར་གྱི་འདུན་པ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། དབུས་ཤར་རྒྱལ་ཁབ་ཀྱིས་རང་བཙན་རང་དར་གྱི་སྙིང་སྟོབས་ལ་བརྟེན་ནས་ཞི་བདེ་དང་བདེ་འཇགས་ཀྱི་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁུལ་གྱི་དོན་དངོས་དང་འཚམ་པ་དང་ཕྱོགས་ཁག་གི་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་བདེ་འཇགས་ཀྱི་སྒྲོམ་གཞི་རང་བརྟེན་ངང་བསྐྲུན་ནས་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡིན།

    དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་འཛུགས་པར་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། དབུས་ཤར་ས་ཁུལ་དུ་གླེང་མང་བའི་གནད་དོན་མང་བ་དང་ནང་གནས་ཀྱི་འབྲེལ་བ་ཤུགས་ཆེ་བར་བརྟེན། གྲོས་གཞི་རྐྱང་པའི་ཐག་གཅོད་གིས་རྟག་ཏུ་སྐྲ་ཉག་གཅིག་འཐེན་ན་གཟུགས་པོ་ཡོངས་འགུལ་བ་ལྟ་བུ་ཡོང་གི་ཡོད་པས། ངེས་པར་དུ་ཕྱོགས་བསྡུས་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་བྱེད་དགོས། ཕ་ལེ་སི་ཐན་གྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་དབུས་ཤར་ས་ཁུལ་གྱི་གནད་དོན་གྱི་ལྟེ་བ་ཡིན་པ་དང་། དེ་ནི་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་འབྲེལ་བ་ཡོད་པས། ག་དུས་ཡིན་རུང་སྣང་མེད་དུ་འཇོག་མི་རུང་ལ་མཐའ་རུ་འབུད་མི་རུང་། མངའ་ཁོངས་ཀྱི་རྩོད་གཞི་དང་། གྲུབ་མཐའ་མི་མཐུན་པའི་ཆ། ནུས་རྒྱུའི་འཐབ་འགྲན་སོགས་འགལ་བ་མང་པོ་མཉམ་དུ་སྦྲེལ་ཡོད་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འགྲན་སློང་རྙོག་འཛིང་ཆེ་བས། བཟོ་བཟོ་གཏོད་གཏོད་ཀྱིས་གནད་དོན་རྩ་བཅོས་བྱེད་དཀའ། དེས་ན། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་ལུགས་མཐུན་གྱི་བདེ་འཇགས་ལ་དོ་ཁུར་བྱེད་པར་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ནས་ལྟ་རྟོག་བྱས་ཚེ་གཞི་ནས་བདེ་འཇགས་ཀྱི་དཀའ་གནད་རིམ་བཞིན་སེལ་ཐུབ། མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི“རྒྱལ་ཁབ་གཉིས་པོའི་ཇུས་གཞི”དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། ཕ་ལེ་སི་ཐན་གྱི་གནད་དོན་གཞུང་དྲང་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་རེ་སྒུག་བྱེད་པ་ཞིག་ཀྱང་རེད།

    དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་འཛུགས་པར་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་པོ་འདིང་དགོས། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་རེད། དེས་ན། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་ནི་དབུས་ཤར་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་ཐབས་ལམ་རེད། དབུས་ཤར་ས་ཁུལ་དུ་ཐོན་ཁུངས་འབེལ་བ་དང་། ས་བབ་ལེགས་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་སྟབས། འཛམ་གླིང་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་འགྱུར་འོས་པ་ཞིག་རེད། རྒྱལ་སྤྱིའི་གྲུ་ལམ་གྱི་བདེ་འཇགས་དང་རང་དབང་ངང་ཤར་སྐྱོད་བྱེད་པ་དེ་ས་ཁུལ་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པས་ན། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་གྲུ་ལམ་བདེ་འཇགས་ལ་སྲུང་སྐྱོང་དང་། འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད། ས་ཁུལ་དང་རྒྱལ་ཁབ་ཀྱི་ཁེ་ཕན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གོམ་པ་རིམ་བགྲོད་ཀྱིས་ཕན་ཚུན་དབར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ་དང་གདོང་ཐུག་བཟོ་བའི་རྐྱེན་རྩ་མེད་བཟོ་འདོད་ཡོད། འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་དང་མཉམ་ལས་ལ་བརྟེན་ནས་བདེ་འཇགས་དོན་གཉེར་བྱས་ཚེ། ད་གཟོད་ས་ཁུལ་བརྟན་ལྷིང་ཡོང་བར་ནང་གནས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྣོན་ཐུབ།

    དབུས་ཤར་གྱི་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་སྐྲུན་པར་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་བཅའ་ཁྲིམས་ནི་དབུས་ཤར་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ས་ཁོངས་ཕྱིའི་རྒྱལ་ཁབ་ཆེན་པོས་ཚད་གཞི་གཉིས་འཛིན་གྱི་བྱེད་སྟངས་དོར་ནས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་ཏན་ཏིག་བྱེད་དགོས། ས་ཁུལ་གྱི་གནད་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདོན་དགོས་ངེས་ཀྱི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ། དབུས་ཤར་ས་ཁུལ་གྱི་གླེང་མང་བའི་གནད་དོན་དང་ལྷག་པར་དུ་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཁག་དོན་འཁྱོལ་ཡག་པོ་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདུམ་འགྲིག་ཧུར་ཐག་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབང་ཆ་སྤྲད་མེད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་དང“ལག་རིང་དོ་དམ”གྱིས་སྔོན་དཔག་གི་དམིགས་ཡུལ་འགྲུབ་ཐབས་མེད་པ་དང་བཙན་དབང་ཧམ་ཤེད་ཀྱི་ལམ་བུར་སྐྱོད་མི་ཐུབ་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་ཡོད། མིག་སྔའི་དཀའ་ངལ་དང་འགྲན་སློང་གི་མདུན་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་མཉམ་དུ་ཤུགས་འདོན་གྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་དྲང་ནུས་སྣོན་དགོས་པ་ལས། འགལ་ཟླ་དང་ཁ་ཕྲལ་གཏོང་བའི་ལས་རྙོག་གསར་པ་བཟོ་མི་རུང་།

    དབུས་ཤར་ས་ཁུལ་དུ་ལྷིང་འཇགས་མེད་ན་འཛམ་གླིང་བདེ་འཇགས་ཡོང་དཀའ། ཀྲུང་གོས་ས་འབྲེལ་གྱི་སྒེར་ཕན་དོན་གཉེར་དང་དཔུང་ཚོགས་ཀྱི་འགྲན་རྒོལ་མི་བྱེད་པར། ས་ཁུལ་མི་དམངས་ཀྱི་རྩ་བའི་ཁེ་ཕན་གཙོ་བོར་བཟུང་ནས་བདེ་འཇགས་དང་འཕེལ་རྒྱས་ལ་ལྟ་རྟོག་དང་། རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་ལ་ལྟ་རྟོག་བྱས་ཏེ། དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཐད་ཀྱི་དཀའ་ངལ་སེལ་བར་ལག་བསྟར་ཆོག་པའི་ཐབས་ལམ་མཁོ་འདོན་བྱས་པ་དང་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱེད་བཞིན་ཡོད་པ་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ངོས་འཛིན་བྱས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། སྐད་ཆ་ཤོད་རེས། ལོ་རྒྱུས་ཀྱི་ཡང་དག་པ་བཅས་ཀྱི་ཕྱོགས་སུ་ལངས་ཏེ། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་དབུས་ཤར་ཁུལ་གྱི་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་བསྐྲུན་ཏེ། དབུས་ཤར་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།