རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“ཡིག་ཆ་ཡོད་ཕྱིན་ངེས་པར་དུ་ཐོ་འགོད་དང་། ཐོ་འགོད་བྱས་ ཕྱིན་ངེས་པར་དུ་ཞིབ་བཤེར། ནོར་འཁྲུལ་ཡོད་ཕྱིན་ངེས་པར་དུ་ཡོ་བསྲང”བཅས་མཐའ་འཁྱོངས་བྱས་པ།
ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྲི་2.7ལྷག་ཙམ་ལ་བཟོ་བཅོས་དང་མེད་པ་བཟོ་བར་སྐུལ་འདེད་བཏང་བ།
ཚེས་8ནས་10ཉིན་བར། 2026ལོའི་ས་གནས་ཁག་གཅིག་གི་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད། གསར་འགོད་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“ཡིག་ཆ་ཡོད་ཕྱིན་ངེས་པར་དུ་ཐོ་འགོད་དང་། ཐོ་འགོད་བྱས་ཕྱིན་ངེས་པར་དུ་ཞིབ་བཤེར། ནོར་འཁྲུལ་ཡོད་ཕྱིན་ངེས་པར་དུ་ཡོ་བསྲང”བཅས་མཐའ་འཁྱོངས་བྱས་པས། སྤྱི་དམངས་དང་རྩ་འཛུགས་ཀྱིས་བཏོན་པའི་ཞིབ་བཤེར་གྲོས་འགོ་ཁྲི་3.6ལྷག་ཙམ་འབྱོར་བ་དང་། རིམ་རྩིས་བརྒྱབ་ན་ཡིག་ཆ་བཟོ་མཁན་ལས་ཁུངས་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྣ་ཚོགས་ཁྲི་2.7ལྷག་ཙམ་ལ་བཟོ་བཅོས་དང་མེད་པ་བཟོ་བར་སྐུལ་འདེད་བཏང་ནས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱི་དབང་གྲགས་དང་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། མིག་སྔར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་9བསྟུད་མར་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས་ནས་དཔེ་མཚོན་གྱོད་དཔེ་130ལྷག་ཙམ་ཁྱབ་བསྒྲགས་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོ་འགོད་སྙན་སེང་གི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཚང་མ་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ཁྱབ་ཁོངས་སུ་འཇུག་གང་ཐུབ་བྱས་ཡོད། 2018ལོར་རྒྱལ་ཡོངས་གཅིག་གྱུར་གྱི་ཐོ་འགོད་སྙན་སེང་དང་ཞིབ་བཤེར་གྱི་ཆ་འཕྲིན་ལས་སྟེགས་བསྐྲུན་ནས་གློག་རྡུལ་ཐོ་འགོད་སྙན་སེང་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། མིག་སྔར་ཞིང་ཆེན་རིམ་པའི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གྲངས་གཞིའི་མཛོད་31ཚང་མ་བསྐྲུན་ཟིན་པ་དང་འབྲེལ་དྲ་ཐོག་འཁོར་རྒྱུག་བྱས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་རྒྱལ་ཁབ་ལས་ཁུངས་ཀྱིས་བཟོས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྣ་ཚོགས་ཁྲི་38ལྷག་ཙམ་བསྡུ་ལེན་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་བཅའ་ཁྲིམས་གལ་ཆེན་ལག་བསྟར་ལ་དམིགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། དམངས་དོན་ཁྲིམས་གཞུང་། ཁེ་ལས་དང་འབྲེལ་བའི་འདྲ་མཉམ་སྲུང་སྐྱོང་སོགས་ཁྱབ་ཁོངས་30ལྷག་ཙམ་དང་འབྲེལ་བ་ཡོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་གཅིག་སྡུད་གཙང་བཤེར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། 2025ལོ་ནས་བཟུང་། དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱ་ཆེད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཁྲིམས་འཛིན་འགྲེལ་བཤད། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་བཅས་ལ་གཅིག་སྡུད་གཙང་བཤེར་ལས་དོན་སྤེལ་བ་རེད། གཙང་བཤེར་བྱས་པ་བརྒྱུད་བཟོ་བཅོས་དང་མེད་པ་བཟོ་དགོས་རིགས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་1466ཡོད་པ་ཤེས་རྟོགས་བྱུང་བ་དང་མིག་སྔར་གཙང་བཤེར་ལས་དོན་ཚང་མ་ལེགས་སྒྲུབ་ཟིན་པ་རེད།
ཚོགས་འདུའི་ཐོག གོམ་སྟབས་རྗེས་མར་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་དང་། ཐོ་འགོད་སྙན་སེང་དང་ཞིབ་བཤེར་འབྲེལ་མཐུད་མཉམ་འགུལ། དམིགས་བསལ་སྲིད་འཛིན་ཁུལ་དང་ས་གནས་དེ་གའི་བཅའ་ཁྲིམས་ཐོ་འགོད་སྙན་སེང་དང་ཞིབ་བཤེར་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2026ལོའི་ཁྲིམས་འཛུགས་ལས་ཀའི་འཆར་གཞིའི་བཀོད་སྒྲིག་ལྟར། ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་དོན་ཐད་ཆེད་མངགས་སྤྱོད་པའི་བཅའ་ཁྲིམས་ཞིབ་འཇུག་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་བྱས་ནས་བཟོ་བ་དང་། ཁྲིམས་འཛུགས་བྱས་པ་བརྒྱུད་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། ལྟ་ཞིབ་ཨུ་ལྷན། ཁྲིམས་ཁང་། ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་ཕྱོགས་ཀྱི་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལམ་ལུགས་བསྡུ་སྒྲིལ་ལ་སྤྱི་འདོམས་ཞིབ་འཇུག་བྱས་ནས། གཅིག་གྱུར་མཐུན་སྦྱོར་དང་ཕྱོགས་ཡོངས་ལ་ཁྱབ་པའི་ལམ་ལུགས་མ་ལག་འཛུགས་དགོས་ཞེས་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།