དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྦག་སྦག་བཞོན་ནས་མཐའ་མཚམས་སུ་སྐོར་ཞིབ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-13

    སྣུམ་སྒོ་གནོན་ཙམ་གདང་རིམ་བརྗེས་རྗེས་པ་སངས་འབྲུག་རྒྱལ་གྱིས་ཕྱི་བལྟས་བསློགས་ཏེ། “ད་ཐོན་གྱི་ཡིན་ནོ། དམ་པོར་འཇུས་ཨང”ཞེས་རྒྱབ་ཏུ་སྡོད་མཁན་གྱི་གསར་འགོད་པར་བཤད།

    སྦག་སྦག་དགུ་རིམ་པ་ལྟར་ཐོན་ཞིང་། ཁ་ཁུ་སིམ་པའི་ལུང་ཤུར་དུ་སྦག་སྦག་གི་སྒྲས་ཁེངས། སྦག་སྦག་གི་རྒྱབ་ཏུ་བཙུགས་པའི་སྐར་ལྔའི་དར་དམར་རླུང་གིས་ལྷབ་ལྷུབ་གཡོ།

    དེ་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་སྒྲོན་པ་ཤང་གི་ལྕགས་རྟ་མཐའ་མཚམས་སྐོར་ཞིབ་རུ་ཁག་རྒྱུན་དུ་སྐོར་ཞིབ་བྱེད་པར་ཐོན་པའི་རྣམ་པ་རེད། སྦག་སྦག་ཐོན་སའི་གྲིབ་ནེ་གྲོང་ཚོའི་ས་བབ་སྨི་2900ཟིན་པ་དང་སྦག་སྦག་མཐའ་མཇུག་སྐྱོད་ས་ནི་ཨ་ལ་ལ་ཉག་ཡིན་ཞིང་། དེ་གའི་ས་བབ་སྨི་4700ལས་བརྒལ་ཡོད། སྦག་སྦག་རུ་ཁག་གིས་ལ་གྱེན་གཟར་པོ་་ཞིག་འགྲིམ་དགོས་པ་ནི་སྨོས་མེད་རེད།

    ལམ་བར་ཉེན་ཁ་ཤིན་ཏུ་ཆེ་ཞིང་། ཞོགས་གཅིག་ནི་མཐོང་བ་ཙམ་གྱིས་སྐྲག་སྣང་སྐྱེ་བའི་བྲག་རི་གཡང་གཟར་དང་གཞོགས་གཞན་ཞིག་ནི་གཏིང་མི་མཐོང་བའི་གྲོག་རོང་རེད།

    སྐོར་ཞིབ་བྱེད་པར་ཡང་ཡང་བསྐྱོད་པ་ལས་པ་སངས་འབྲུག་རྒྱལ་ལ་མྱོང་ཚོར་མང་པོ་བྱུང་བ་སྟེ། དབྱར་དུས་སུ་ཆར་པ་འབབ་སྐབས་དོགས་ཟོན་ཆེན་པོ་བྱེད་དགོས་ཤིང་། ཆུ་རུད་དང་རྡོ་ལྷུང་བའི་གནས་ཚུལ་རྒྱུན་དུ་ཐོན་པ་མ་ཟད། ད་དུང་སྦག་སྦག་རྟག་ཏུ་འདམ་རྫབ་ཁྲོད་དིམ་པ་དང་། དགུན་ཁ་ཁ་བ་འབབ་སྐབས་ཞེད་སྣང་ཆེན་པོ་ཡོད་ཅིང་། ལམ་ངོས་སུ་འདྲེད་བརྡར་ཤོར་སླ་བ་དང་གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་བའི་དབང་གིས་ལུས་པོའི་ཚོར་བ་ཉམས་ཏེ། སྦག་སྦག་གཏོང་སྐབས་ལག་པས་འཛིན་མི་ཐུབ་ལ་རྐང་པའང་འཛུགས་ཐུབ་ཀྱི་མེད། ལམ་བར་དུ་སྐབས་འགར་དོམ་དང་གནའ་བ་ཡང་འཕྲད་སྲིད་པ་དང་། དོམ་འཕྲད་སྐབས་ཁ་གཏད་དུ་ལངས་ནས་བསྡད་ན་དོམ་བྲོས་འགྲོ་མོད། འོན་ཀྱང་གནའ་བ་ཡིས་མིའི་སྐད་ཐོས་རྗེས་སྐྲག་སྣང་ཆེན་པོས་རི་རྩེར་ཕར་རྒྱུག་ཚུར་རྒྱུག་བྱས་པས་རྦབ་རྡོ་ལྷུངས་བའི་ཉེན་ཁ་ཤིན་ཏུ་ཆེ།

    སྦག་སྦག་རུ་ཁག་ཧི་མ་ལ་ཡའི་རི་རྒྱུད་འགྲིམ་སྐབས་རྦབ་ཆུ་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་ལམ་གཡས་གཡོན་གཉིས་ནས་ཡུལ་ལྗོངས་མང་པོའང་མཐོང་རྒྱུ་ཡོད་པ་སྟེ། རི་གཤམ་དུ་སྡོང་ཕྲན་མང་པོ་དང་དེ་བཞིན་རི་སྐྱེས་མེ་ཏོག་དམར་པོ་དང་། སེར་པོ། སྔོན་པོ་ལ་སོགས་རབ་ཏུ་བཞད་པ་དང་། རི་སྐེད་དུ་ལོ་མ་ཁབ་དབྱིབས་ཅན་གྱི་ལྗོན་ཤིང་དང་ཐང་ཤིང་ཤུག་པ་ཚང་ཚིང་དུ་སྐྱེས་པ།

    རི་རྩེར་ཀྲོང་ངེར་སྐྱེས་པའི་ལྕུམ་དཀར་བཅས་ལས་ས་བབ་མཐོ་བའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཤིག་གྲུབ་ཡོད།

    “ཁྱེད་ཚོ་གལ་ཏེ་དཔྱིད་ཀར་ཡོང་ན་དེ་གར་ཧ་ཅང་མཛེས་པོ་ཡོད། རབ་ཏུ་བཞད་པའི་སྟག་མ་མེ་ཏོག་གི་མཐའ་མཐོང་རྒྱུ་མེད”ཅེས་པ་སངས་འབྲུག་རྒྱལ་གྱིས་བཤད།

    གསར་འགོད་པས་ཁོང་ལ་མཐའ་མཚམས་སྐོར་ཞིབ་བྱེད་པར་དཀའ་ངལ་ཆེན་པོ་འདུག་གམ་ཞེས་དྲིས་པར།

    དཀའ་ངལ་ཆེན་པོ་མི་འདུག སྐྱིད་པོ་འདུག་ཅེས་ཁོང་གིས་བཤད་བྱུང་།

    རླངས་འཁོར་མཐོ་སར་སླེབས་སྐབས། སྨུག་པས་འཁྲིགས་ཤིང་། ས་མཐོར་གྲང་རླུང་འུར་འུར་དུ་ལྡང་། སྐབས་དེར་རུ་མི་ཚོས་རྡོག་ཐོན་བྱེད་སྐབས་བྱ་སྤུའི་སྟོད་ཐུང་མཐུག་པོ་གྱོན་དགོས་དོན་གང་ཡིན་པ་དེ་གཞི་ནས་ཤེས་བྱུང་།

    “གྲང་ངར་ལ་སྐྲག་མི་དགོས། ང་ཚོས་སྤྱིར་ན་སྒུལ་བྱེད་འཕྲུལ་འཁོར་གྱི་ཚ་དྲོད་ལ་བརྟེན་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད། 2021ལོའི་ཟླ་10པར་བཙུགས་པའི་རུ་ཁག་དེར་རུ་མི་72ཡོད་པ་ཚང་མས་སྤྱི་ལེ་96ཡོད་པའི་ལམ་བུར་སྐོར་ཞིབ་ཀྱི་འགན་འཁུར་བ་དང་དེ་གའི་ས་བབ་སྨི་4000ཡན་ཟིན་གྱི་ཡོད”ཅེས་རུ་དཔོན་བསོད་ནམས་དཔལ་ལྡན་གྱིས་གད་མོ་དགོད་བཞིན་བཤད།

    བསོད་ནམས་དཔལ་ལྡན་གྱིས་རི་དེར་ལ་ཉག་གསུམ་ཡོད་པ་དང་། ད་ལྟ་སྐྱོད་ས་འགྲོ་བདེ་ཤོས་དེ་རེད། གཞན་གཉིས་པོ་དེར་སྦག་སྦག་བཏང་ནས་ལམ་ཐུང་ངུ་ཞིག་སྐྱོད་པ་ཕུད། དེ་བྱིངས་ཚང་མ་རྐང་ཐང་མར་འཛེགས་དགོས་པ་དང་ཐག་རིང་ཤོས་ལ་རྐང་ཐང་མར་ཆུ་ཚོད་བདུན་བརྒྱད་ཙམ་འཛེགས་དགོས་ཀྱི་ཡོད་ཅེས་བཤད།

    ད་ལོ་ལོ་35ལ་སླེབས་པའི་བསོད་ནམས་དཔལ་ལྡན་གྱིས་མཐའ་མཚམས་ལ་སྐོར་ཞིབ་བྱས་ནས་ལོ་6སོང་བ་དང་། སྐབས་རེ་ཁོང་ལས་བྱ་མི་འཁེལ་ནའང་མཉམ་དུ་ཡོང་གི་ཡོད། “ཉིན་གཅིག་རིར་མ་འཛེགས་ན་བློ་བདེ་པོ་མི་འདུག ལོ་འདི་དག་རིང་མཐའ་མཚམས་སྐོར་ཞིབ་རུ་ཁག་གིས་གཅིག་གྱུར་ཐོག་སྦག་སྦག་བཀོད་སྒྲིག་བྱས་པ་དང་། གྱོན་ཆས་དང་རྒྱབ་ཁུག་སྤྲད་པ་མ་ཟད། ད་དུང་སྣུམ་ཡང་འགན་ལེན་བྱས་བྱུང་། ལམ་བདེ་རུ་ཕྱིན་པ་དང་། སྦག་སྦག་ཡག་པོ་ཡོད་པ་མ་ཟད། ད་དུང་སྒྲིག་ཆས་ཆ་ཚང་པོ་ཡང་ཡོད་པས་ལས་ཀ་ཡག་པོ་མ་བྱས་ན་འགྲིག་ཐབས་མེད”ཅེས་བསོད་ནམས་དཔལ་ལྡན་གྱིས་བཤད།

    ཨ་མ་ཉི་མ་གཡང་འཛོམས་ནི་ཏང་ལོ་48ཟིན་པའི་ཏང་ཡོན་རྒན་གྲས་ཤིག་རེད། ཁོང་གིས་ཕྱུགས་འཚོ་གྱིན་མཐའ་མཚམས་ལ་སྐོར་ཞིབ་མི་ཚེ་ཧྲིལ་པོ་བྱས་ཡོད། ཆུང་དུས་ནས་མིག་འདྲིས་རྣར་འཇགས་བྱུང་བའི་རྐྱེན་གྱིས་བསོད་ནམས་དཔལ་ལྡན་གྱིས་མཐའ་སྲུང་འགངས་ཆེ་ཡིན་པ་གསལ་པོར་ཤེས། “ཨ་མས་རི་འདི་ཚེ་གང་རིང་བསྲུངས་ཡོད། ངས་ཀྱང་ཚེ་གང་བསྲུང་རྒྱུ་ཡིན”ཞེས་ཁོང་གིས་སེམས་རྣལ་དུ་ཕབ་ནས་བཤད།

    སྨུག་པའི་ཁྲོད་ནས་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ཞིང་། རུ་མི་ཚོས་བྲག་རྡོ་ཞིག་གི་གམ་དུ་ལངས་ནས་བསྡད་པ་དང་དེའི་སྟེང“ཀྲུང་གོ”ཞེས་བརྐོས་པའི་ཡི་གེ་དེ་མངོན་གསལ་ལྷག་པར་དོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།