ནག་ཆུ་གྲོང་ཁྱེར་གྱིས་12345ཐད་སྦྲེལ་ཁ་པར་གྱི“གསེར་གྱི་མིང་བྱང”རྒྱུན་མཐུད་ཡག་པོ་གཏོད་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་12345ཐད་སྦྲེལ་ཁ་པར་ནས་རིམ་རྩིས་བརྒྱབ་ན། དམངས་འཚོའི་རེ་ཞུ་ཁྲི་2.1ལྷག་ཙམ་བདག་སྤྲོད་བྱས་པ་དང་། ལས་ཐོ་དུས་ཐོག་ཏུ་ཐག་གཅོད་ཐུབ་ཚད99.92%ཟིན་པ། མང་ཚོགས་སྤྱི་ཡོངས་ནས་བློ་ཡིད་ཚིམ་ཚད་99.16%ཟིན་ཏེ། ཐད་སྦྲེལ་ཁ་པར་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་རྒྱུན་མཐུད་སོང་ཡོད། ཉིན་ཤས་གོང་། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་དེའི“12345ཐད་སྦྲེལ་ཁ་པར་གྱི‘གསེར་གྱི་མིང་བྱང’རྒྱུན་མཐུད་ཡག་པོ་གཏོད་པའི”ལས་དོན་གྱི་ཕན་འབྲས་ངོ་སྤྲོད་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་12345ཐད་སྦྲེལ་ཁ་པར་གྱི“རེ་ཞུ་འབྱོར་མ་ཐག་སྒྲུབ་གཉེར”བྱེད་པའི་ལས་ཀའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་དམངས་འཚོའི་རེ་ཞུ་སྒྲུབ་གཉེར་གྱི་ཕན་ནུས་ཆེ་རུ་རྒྱུན་མཐུད་ཕྱིན་པ་དང་། ཐད་སྦྲེལ་ཁ་པར་གྱིས་དམངས་ཀྱི་སྐད་ཆ་ཉན་པ་དང་། དམངས་ཀྱི་གནས་ཚུལ་ཞིབ་བཤེར། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་བདེ་སྲུང་སྐྱོང་བཅས་ཀྱི་ནུས་པ་གལ་ཆེན་བཏོན་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཐད་སྦྲེལ་ཁ་པར་ཚད་ལྡན་ཅན་གྱི་འཁོར་སྐྱོད་རྨང་གཞི་བརྟན་པོ་འཛུགས་ཆེད།
ནག་ཆུ་གྲོང་ཁྱེར་གྱིས་ཞུ་འབྱོར་འཕྲལ་སྒྲུབ་ཀྱི་དབང་འགན་གསལ་ཐོ་ཁག་831ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཚན་ཁག་གི་འགན་འཁྲིའི་དབྱེ་མཚམས་གསལ་པོ་བཟོས་ཤིང་། དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱི་12345ཐད་སྦྲེལ་ཁ་པར་དང་110ཉེན་བརྡ་སྙན་ཞུའི་ལས་སྟེགས་ཀྱི་ཕན་ནུས་ཆེ་བའི་འབྲེལ་མཐུད་མཉམ་འགུལ་ལམ་སྲོལ་བཙུགས་ནས་སྡེ་ཚན་དང་རིམ་པ་བསྒྲལ་བའི་དཀའ་གནད་དང་རྙོག་འཛིང་ཆེ་བའི་རེ་ཞུར་གཞིགས་ཏེ་མཐུན་སྦྱོར་ཐག་གཅོད་བྱེད་སྟངས་བཟོས་ཡོད། མིག་སྔའི་བར་ཕྱོགས་གཉིས་མཉམ་འགུལ་དང་མཐུན་སྦྱོར་བྱས་ཏེ་དཀའ་གནད་ཆེ་བའི་གནད་དོན་ཁག་24ཐག་གཅོད་བྱས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་སྔར་སྲོལ་གྱི“གཞན་དབང་ངང་རེ་ཞུ་དང་ལེན”བྱེད་སྟངས་དེར་སྒྱུར་བ་བཏང་ནས་ཐད་སྦྲེལ་ཁ་པར་གྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་དུས་བཀག་ལྟར་ཁེ་ལས་དང་། གཞི་རིམ་གྱི་འཐབ་ས་དང་པོ། མང་ཚོགས་ཀྱི་ཁྱིམ་ཚང་བཅས་སུ་བསྐྱོད་དེ“རེ་སྒུག”ནས“རེ་འཚོལ”བར་འགྱུར་ལྡོག་བྱུང་ཡོད། ད་ལོ་ནས་བཟུང་། རྒྱུན་རྣམ་ཅན་གྱི་འདྲི་རྩད་ཐེངས་8བྱས་པ་དང་དམངས་འཚོའི་རེ་ཞུ་ཁག་26བསྡུ་རུབ་བྱས་པ་ཚང་མར་ལན་བཏབ་ནས་ཐག་གཅོད་བྱས་ཡོད།
ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། ནག་ཆུ་གྲོང་ཁྱེར་གྱི་12345ཐད་སྦྲེལ་ཁ་པར་བརྒྱུད་ཁེ་ལས་དང་འབྲེལ་བའི་ཞབས་ཞུ་ཤེས་བྱའི་མཛོད་འཐུས་སྒོ་ཚང་དུ་གཏོང་བ་དང་ཁེ་ལས་དང་འབྲེལ་བའི་ཞབས་ཞུའི་ཆེད་དོན་གདན་ཐོབ་བཙུགས་པ་བརྒྱུད་ཁེ་ལས་ཀྱི་རེ་ཞུ་མགྱོགས་མྱུར་དང་ལེན་དང་ཆེད་ལས་ཀྱི་ཐག་གཅོད་ཐུབ་པར་འགན་ལེན་བྱས་ཡོད། ད་ལོ་ནས་བཟུང་། གྲོང་ཁྱེར་དེས་12345ཐད་སྦྲེལ་ཁ་པར་ནས་རིམ་རྩིས་བརྒྱབ་ན་ཁེ་ལས་ཀྱི་རེ་ཞུ་སྣ་ཚོགས་ཁག་25བདག་སྤྲོད་བྱས་པ་དང་། ཐག་གཅོད་ཐུབ་ཚད་དང་ཁེ་ལས་བློ་ཡིད་ཚིམ་ཚད་གཉིས་ཀ་100%ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།