“གཞུང་ཚབ་ཆེ་མོ་བའི་ཇ་མོལ”དང“ནུས་རྒྱུ་ཐཱན་ཉུང”གི་རྒྱལ་སྤྱིའི་སྐད་ཆ་ཤོད་རེས་བྱེད་སྒོ་ཧྲན་ཤིས་སུ་གཉེར་བ།
“གཞུང་ཚབ་ཆེ་མོ་བའི་ཇ་མོལ”དང“ནུས་རྒྱུ་ཐཱན་ཉུང”གི་རྒྱལ་སྤྱིའི་གླེང་མོལ་བྱེད་སྒོ་ཉེ་ཆར་ཧྲན་ཤིས་ཐའེ་ཡོན་དུ་གཉེར་བ་རེད། “ཐའེ་ཡོན་གྱི་ནུས་རྒྱུ་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས”སྐབས་བཅུ་པའི་བརྗོད་དོན་གཙོ་བོའི་ཁྱད་ལྡན་བྱེད་སྒོའི་གྲས་ཤིག་ཡིན་པའི་བྱེད་སྒོ་དེ་ཧྲན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་ཕྱི་ཕྱོགས་ལས་དོན་གཞུང་ལས་ཁང་དང་འཛམ་གླིང་ཤེས་བྱ་དཔེ་སྐྲུན་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་ཤིང“ནུས་རྒྱུ་གསར་པ་གླེང་། ལེའུ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་ཕྱིའི་སྐུ་མགྲོན་གདན་དྲངས་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་དང་ནུས་རྒྱུ་གཙང་མའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་སྐད་ཆ་ཤོད་རེས་བྱས་པ་རེད།
མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཟུར་པ་ཐེར་པི་ཤིས་ཟླ་ཀེ་བས་བརྗོད་དོན། ཧྲན་ཤིས་ཀྱིས་བསྐྱར་སྐྱེས་ནུས་རྒྱུ་དང་། ལག་རྩལ་གསར་པ། གསར་དར་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དེ་བས་ལྗང་མདོག་དང་ལག་རྩལ་ལ་བརྟེན་ཏེ་འཕེལ་རྒྱས་གཏོང་བའི་དཔལ་འབྱོར་གྲུབ་ཆར་ཕྱོགས་སྒྱུར་བྱ་རྒྱུར་གཞོལ་བཞིན་ཡོད། ཕྱོགས་སྒྱུར་ཉམས་མྱོང་དེ་མོང་གོལ་རྒྱལ་ཁབ་ལ་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད། མོང་གོལ་རྒྱལ་ཁབ་ཀྱི་རླུང་ནུས་དང་། ཉི་ནུས་ཐོན་ཁུངས། ས་ཁོངས་ཀྱི་ལེགས་ཆ་བཅས་དང་། ཧྲན་ཤིས་ཀྱི་ལག་རྩལ་དང་། ཐོན་ལས། ནུས་རྒྱུ་ཕྱོགས་སྒྱུར་གྱི་ཉམས་མྱོང་བཅས་དབར་གསབ་རེས་བྱེད་ཤུགས་ཆེན་པོ་ལྡན་པས་ཕྱོགས་གཉིས་པོས་ནུས་གསོག་དང་། རིག་ནུས་གློག་དྲ། ལྗང་མདོག་ཆིང་ནུས། བསྐྱར་སྐྱེས་ནུས་རྒྱུ་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཏེ། ཨེ་ཤེ་ཡ་བྱང་ཤར་གྱི་ལྗང་མདོག་ཕྱོགས་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆོག
ཧྲན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཅིང་ཕུའུ་ཆིའུ་ཡིས་བརྗོད་དོན། ལོ་10ཡི་རིང་ཧྲན་ཤིས་ཀྱིས་ནུས་རྒྱུའི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཐཱན་ཉུང་ཐོན་ལས་རིམ་སྤོར་བྱེད་པ། ལྗང་མདོག་འཚོ་བ་དར་སྤེལ་གཏོང་བ་བཅས་བྱས་ཡོད། འབྱུང་འགྱུར་ཕྱོགས་ཁག་དབར་འདུ་ཤེས་དང་། ལག་རྩལ། ཐོན་ལས་བཅས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཐཱན་ཉུང་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།