ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་ཕུགས་རྒྱང་རིང་བའི་བཅོས་སྐྱོང་གི་བློ་གྲོས་མངོན་པ།
ཁཱ་ན་དབྱི་མུའུ·པ་ཁེ་ཐེ་ཀུའུ་ལུའོ་ཝ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ལས་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་འཐབ་ཇུས་འཆར་འགོད་དང་། སྒྱུར་བཅོས་མཐུན་སྦྱོར། ཐོན་ཁུངས་སྐུལ་སློང་བཅས་ཐད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་མངོན་ཡོད།
མི་རིང་བའི་གོང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ཁེར་གྷི་སི་ཐན་གྱི་འོས་སྦྱོར་ཚོགས་འདུ་པི་སི་ཁེག་ཏུ་འཚོགས་ཤིང་། དེབ་དེའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཅོས་སྐྱོང་འདུ་ཤེས་དང་འཁོར་སྐྱོད་གཏན་ཚིགས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ལས་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་འཐབ་ཇུས་འཆར་འགོད་དང་། སྒྱུར་བཅོས་མཐུན་སྦྱོར། ཐོན་ཁུངས་སྐུལ་སློང་བཅས་ཐད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་མངོན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བློས་འགེལ་ཆོག་པའི“ཀྲུང་གོའི་མ་དཔེ”མཁོ་འདོན་བྱས་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན། ལོ་100ལྷག་ཙམ་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱིར་བཏང་གཏན་ནས་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་པ་དང་། ལྟོས་བཅས་ཀྱིས་རྗེས་ལུས་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྗེས། ཀྲུང་གོས་སྤུས་ཚད་དང་ཕན་འབྲས་ལ་དེ་བས་སྣང་ཆེན་བྱེད་པའི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་དེ་དཔལ་འབྱོར་འཕར་བ་གདེང་འཇོག་གི་ཀྱི་ཚད་གཞི་རྐྱང་པར་མི་འཛིན་པར་ཚན་རྩལ་ཡར་ཐོན་དང་། སྐྱེ་ཁམས་ཤེས་དཔལ། རིག་གནས་འཕེལ་རྒྱས། སྤྱི་ཚོགས་དྲང་གཞག མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་གཙིགས་སུ་བཟུང་ཡོད།
ཀྲུང་གོའི་འཕེལ་རྒྱས་འགྲོ་ལམ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ནི“འགྱུར་བའི”ཁྲོད“བརྟན་པོ”ཡོང་ཐུབ་པ་དེ་རེད། དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་བརྒྱུད་རིམ་ཁྲོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཐབ་ཇུས་དམིགས་ཚད་ཀྱི་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཕྱི་ནང་གི་དུས་བབ་ལ་འགྱུར་ལྡོག་འགྲོ་སྐབས། ཀྲུང་གོས་ཡ་ཡུག་ཆེ་བའི་སྒྱུར་བཅོས་ཐབས་ལམ་མ་སྤྱད་པར་གོམ་པ་རིམ་བགྲོད་དང་སྔོན་ལ་ཚོད་ལྟ་མཐའ་འཁྱོངས་བྱས་པ་དང་། སྒྱུར་བཅོས་གལ་ཆེན་བྱེད་སྐབས་ཆ་ཤས་ཀྱི་ཚོད་ལྟ་བརྒྱུད་ནས་ལག་ལེན་གྱི་ཉམས་མྱོང་གསོག་པ་དང་གནད་སྨིན་བྱུང་རྗེས་གཞི་ནས་རིམ་བཞིན་ཁྱབ་གདལ་གཏོང་གི་ཡོད། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་ནི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཡིན་ཞིང་། སྒྱུར་བཅོས་སྒོ་དབྱེའི་སྐར་ཁུང་ཞིག་ཡིན་པའི་ཀོང་ཏུང་ཧྲེན་ཀྲེན་དེ་མཚོ་རྒྱུད་ཀྱི་གྲོང་ཁྱེར་ཆུང་ངུ་ཞིག་ནས་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་སུ་འཕེལ་རྒྱས་ཕྱིན་པ་དང་། དེའི་འཚོལ་ཞིབ་ལས་བྱུང་བའི་ལག་ལེན་གྱི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ནས་སྒྱུར་བཅོས་སྒོ་དབྱེའི་སྤྱི་ཡོངས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་ནུས་ལྡན་བཏང་ཡོད།
མིདམངས་ཀྱི་འཚོ་བའི་ཆུ་ཚད་དེ་འཕེལ་རྒྱས་ཀྱི་ཕན་འབྲས་ལ་གདེང་འཇོག་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོ་བ་དུང་ཕྱུར་8ལྷག་ཙམ་དབུལ་སྒྲོལ་ཐུབ་ནས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་དེ་དཔལ་འབྱོར་འཕར་བར་བརྟེན་པ་ཙམ་མ་ཡིན་པར་སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་པའི་ཞབས་ཞུ་མཁོ་སྤྲོད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད། དམངས་འཚོ་ལེགས་གཏོང་ལས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བར་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བཏོད་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་དམངས་ཚོགས་བདེ་སྐྱིད་ཕན་ཚུན་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་བཏོད་དེ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པའི་རིན་ཐང་གི་འདུ་ཤེས་གང་ལེགས་མངོན་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགེ་མཚན་ལྡན་པའི་ཉམས་མྱོང་གིས་རྒྱལ་ཁབ་གཞན་དག་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད་མོད། འོན་ཀྱང་ཀྲུང་གོས་དེ་ཉིད་ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་ཁྱད་མེད་པར་སྤྱོད་ཆོག་པ་ཞིག་ལ་མི་བརྩི་བར། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ཤིང་། རང་ངོས་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་དགོས་ཞེས་བརྗོད་ཀྱི་ཡོད། ཀྲུང་གོས་ཡུན་རིང་གི་འཐབ་ཇུས་འཆར་འགོད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་གླིང་འཕེལ་རྒྱས། གྲངས་འཛིན་བཅོས་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་སོགས་ཀྱི་ཁྱབ་ཁོངས་སུ་འཚོལ་ཞིབ་དང་ལག་ལེན་བྱས་པ་དེས་ཁེར་གྷི་སི་ཐན་ལ་བློ་སྐྱེད་བྱུང་ཡོད། ཁེར་གྷི་སི་ཐན་ལ་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་སྤུས་ལེགས་དང་མངོན་གསལ་དོད་པའི་ས་བབ་ཀྱི་ལེགས་ཆ་ལྡན་ལ། ཀྲུང་གོར་ཁྲོམ་ར་ཆེན་པོ་དང་། འཐུས་སྒོ་ཚང་བའི་ཐོན་ལས་མ་ལག ཕུན་སུམ་ཚོགས་པའི་ལག་རྩལ་བཅས་ལྡན་ཡོད་པས་རྒྱལ་ཁབ་གཉིས་པོའི་དབར་དཔལ་འབྱོར་གྲུབ་ཆ་གསབ་རེས་དང་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་ཞིང་ལས་ཐོན་རྫས་ལས་སྣོན་དང་། གྲངས་འཛིན་དཔལ་འབྱོར། སློབ་གསོ་ཚན་ཞིབ། ལྗང་མདོག་ལག་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཀྲུང་ཁེར་ཨུ་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ནས་ས་ཁུལ་གྱི་འབྲེལ་མཐུད་གཏིང་ཟབ་ཏུ་དང་ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་ཏན་ཏིག་འགྱུར་བར་བྱེད་དགོས།
འཛམ་གླིང་གི་ངོས་ནས་བརྗོད་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་བྱུང་བའི་བློ་སྐྱེད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་ལས་མངོན་པ་མ་ཟད། ཕུགས་ལ་དམིགས་པ་དང་། དངོས་ཕན་དོན་གཉེར་བྱེད་པ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ལམ་ལུགས་ཀྱི་བཅོས་སྐྱོང་ཕན་ནུས་ལས་དེ་བས་ཀྱང་མངོན་ཡོད། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཁེར་ཀྲུང་རྒྱལ་ཁབ་གཉིས་པོས་རང་ངོས་དེང་རབས་ཅན་གྱི་རྒྱང་ལམ་ཐོག་ཕན་ཚུན་རྒྱབ་སྐྱོར་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་ཆོག
འབྲེལ་ཡོད་གསར་འགྱུར།