དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྟོན་འདེབས་འགོ་ཚུགས་པ་ནས་བཟུང་རྒྱལ་ཡོངས་སུ་གནམ་གཤིས་སྤྱིར་ན་ཡག་པོ་བསྟན་པ།

    ​ས་གནས་ཁག་གིས་སོ་ནམ་གྱི་དུས་ཚོད་དམ་འཛིན་གྱིས་སྟོན་ཏོག་གང་མགྱོགས་བསྡུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-12

    མིག་སྔར་སྟོན་བསྡུ་དང་སྟོན་འདེབས་ཀྱི་འགག་རྩའི་དུས་སུ་སླེབས་ཡོད། གསར་འགོད་པར་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་སྟོན་བསྡུའི་ལོ་ཏོག་བཏབ་པ་ནས་བཟུང་། རྒྱལ་ཡོངས་སུ་གནམ་གཤིས་སྤྱིར་ན་ཡག་པོ་བསྟན་ཡོད་ཅིང་། ཚ་དྲོད་ཆེ་བ་དང་ཐན་པ་སྟོན་པའི་ཤུགས་རྐྱེན་ན་ནིང་ལས་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད། སྔོན་དཔག་བྱས་ན་ཟླ་9པའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་རང་རྒྱལ་གྱི་སྟོན་འབྲུ་མང་ཆེ་བ་སྨིན་ནས་གཅིག་སྡུད་ཐོག་བསྡུ་བའི་དུས་མཚམས་སུ་སླེབས་རྒྱུ་རེད། ཞིང་ལས་གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་ས་གནས་ཁག་གིས་གནམ་གཤིས་ལ་དོ་ཁུར་ཆེན་པོ་བྱས་ཏེ་སོ་ནམ་གྱི་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་སྟོན་ཏོག་གང་མགྱོགས་བསྡུས་ནས་ནུས་ཤུགས་ཡོད་རྒུས་ལོ་ལེགས་ཡོང་བར་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    རྒྱལ་ཁབ་གནམ་གཤིས་ལྟེ་གནས་སྐྱེ་ཁམས་དང་ཞིང་ལས་གནམ་གཤིས་ཁང་གི་ཀྲུའུ་རེན་གཞོན་པ་ལི་སེན་གྱིས་ལྷོ་ནུབ་ས་ཁུལ་དུ་སྟོན་བསྡུའི་དུས་ལ་སླེབས་ཡོད་པ་དང་དེ་བྱིངས་ཀྱི་ཞིང་ཁུལ་མང་ཆེ་བ་སྟོན་འབྲུ་ཐོན་འབབ་བཟང་མིན་གྱི་འགག་རྩའི་དུས་སུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “དུས་འགོའི་གནམ་གཤིས་སྤྱིའི་ཆ་ནས་སྐྱེ་འཚར་བཟང་དུ་དང་ཐོན་འབབ་མང་དུ་འགྲོ་བར་ཕན་པ་ཡོད”ཅེས་ལི་སེན་གྱིས་བརྗོད་པ་དང་། ཁོང་གིས། ཟླ་4པ་ནས་8པའི་བར་རྒྱལ་ཡོངས་ཀྱི་ཞིང་ཁུལ་མང་ཆེ་བར་ཆར་པ་འབབ་ཚད་དུས་རྒྱུན་དང་འདྲ་བའམ་ཡང་ན་དེ་ལས་མང་ཙམ་ཡོད། ཞིང་ལས་ལ་ཐན་སྐྱོན་ཕོག་ཚད་དང་ཐན་པ་སྟོན་པའི་ཉིན་གྲངས་ཚང་མ་དུས་རྒྱུན་དང་ལྷག་པར་དུ་ན་ནིང་ལས་ཉུང་བ་ཡོད། འབྲུ་རིགས་ཐོན་ཡུལ་གཙོ་བོའི་ཚ་དྲོད་ཆེ་བ་དང་ཐན་པ་སྟོན་པའི་ཁྱབ་ཁོངས་དང་། ཤུགས་ཚད། ཤུགས་རྐྱེན་བཅས་ན་ནིང་ལས་མངོན་གསལ་དོད་པོས་དམའ་བ་ཡོད། ཟླ་9པ་ཤར་བ་ནས་བཟུང་། བྱང་ཤར་ས་ཁུལ་དང་། ཧྭ་པེ་ས་ཁུལ། རྨ་ཆུ་དང་ཧོའེ་ཧོ་ཆུ་བོ་རྒྱུག་ཁུལ་སོགས་ས་ཁུལ་དུ་གནམ་དྭངས་པའི་གནམ་གཤིས་བསྟན་པས་ཉི་འོད་ཕོག་པ་དང་དྲོད་ཚད་ཀྱི་ཆ་རྐྱེན་ཡག་པ་དང་སེར་ཡག་པོ་ལངས་ཡོད་པར་བརྟེན། གནམ་གཤིས་འདི་ལྟ་བུས་མ་རྨོས་ལོ་ཏོག་དང་། གཅིག་སྨིན་འབྲས། སྲན་ཆེན་སོགས་སྐྱེ་འཚར་ཡག་པོ་ཡོང་བར་ཕན་པ་ཡོད་པ་རེད། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་ས་ཁུལ་དུ་ཉེ་དུས་གནམ་གཤིས་ལེགས་སུ་ཕྱིན་ཡོད་པས། ཕྱི་སྨིན་འབྲས་ཀྱི་སྙེ་མ་གཏོང་བར་ཕན་པ་ཡོད། དུས་འགོར་མཚོ་ལྷགས་ཀྱི་ཤུགས་རྐྱེན་ཕོག་པའི་ས་ཆའི་ལོ་ཏོག་ཀྱང་སྐྱེ་འཚར་ལེགས་པ་དང་ཁ་ལུད་རྒྱག་པ་དང་ཞིང་སྨན་གཏོར་བའི་དུས་ཚོད་ལེགས་ཤོས་སུ་སླེབས་ཡོད་ཅེས་བཤད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།