བོད་དུ་དཔྱི་ཚིགས་བརྗེ་བའི་རྨ་ཆུང་གཤགས་བཅོས་ཐོག་མ་དེ་ལམ་ལྷོངས་བྱུང་བ།
ཉིན་ཤས་གོང་། ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་དང་ཉིང་པོའི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་གཅིག་པའི་རྒྱབ་སྐྱོར་འོག འབྲི་རུ་རྫོང་མི་དམངས་སྨན་ཁང་གིས་ཀྲེ་ཅང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པ་དང་མཉམ་དུ་2026ལོ་འཁོར་གྱི་ནག་ཆུ་གྲོང་ཁྱེར་ཤར་རྒྱུད་ས་ཁོངས་ཀྱི་གྲུམ་ནད་མཉམ་འབྲེལ་གྲལ་བཤེར་སྐྱོབ་བཅོས་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ནས། ས་མཐོའི་མང་ཚོགས་ཀྱི་སྒོ་རྩར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་བསྒྲུབས་པ་དང་ཆབས་ཅིག རང་ལྗོངས་ཀྱི་རུས་ཚིགས་རྨ་ཆུང་གཤགས་བཅོས་ལག་རྩལ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་དེ་ཡང་བོད་ཀྱི་དཔྱི་ཚིགས་བརྗེ་བའི་རྨ་ཆུང་གཤགས་བཅོས་ཐོག་མ་ལམ་ལྷོངས་བྱུང་ནས་ས་ཁོངས་ཀྱི་རུས་ཚིགས་ནད་གཞི་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་སྐྱོབ་བཅོས་ཆུ་ཚད་མཐོ་རུ་ཕྱིན་ཡོད།
ད་ཐེངས་ཀྱི་གཤགས་བཅོས་ནི་ཀྲེ་ཅང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་ཀྲུའུ་རེན་སྨན་པ་ཀྲང་པིང་པིང་གིས་སྣེ་ཁྲིད་དེ་ལེགས་སྒྲུབ་བྱས་པ་ཞིག་ཡིན་པ་དང་། མིག་སྔར་སྨན་བཅོས་ཚོགས་པས་ནད་པ་4ལ་SuperPATHདཔྱི་ཚིགས་བརྗེ་བའི་རྨ་ཆུང་གཤགས་བཅོས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་ནས་བཟུང་འབྲི་རུ་རྫོང་དང་སོག་རྫོང་གཉིས་སུ་གྲལ་བཤེར་བདེ་བླག་བྱུང་བ་དང་རིམ་རྩིས་བརྒྱབ་ན་མང་ཚོགས་263ལ་གྲུམ་བུའི་ནད་ཀྱི་འོས་འགན་སྨན་བཅོས་དང་། ནད་གཞིའི་གནས་ཚུལ་ཞིབ་འཇུག་བརྡར་གཅོད། བདེ་ཐང་མཛུབ་ཁྲིད་བཅས་རིན་མེད་ངང་བྱས་པ་རེད། ནད་གཞི་ཚབས་ཆེན་ཕོག་པའི་ནད་པར་སྨན་དོན་ཚོགས་པས་ནད་པ་མི་སྒེར་གྱི་གནས་ཚུལ་ལ་གཞིགས་ནས་ནད་བརྟག་སྨན་བཅོས་ཇུས་གཞི་བཟོས་པ་དང་། མིག་སྔར་པུས་ཚིགས་དང་དཔྱི་ཚིགས་བརྗེ་བའི་གཤགས་བཅོས་37ལེགས་གྲུབ་ཟིན་ཡོད། ནད་པས་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱེད་ཆོག་པའི་རྨང་གཞིའི་ཐོག་ད་དུང་ཆེད་དོན་ཁ་གསབ་མང་ཤོས་སྒོར་6000ལེན་ཐུབ་པས་ནད་ཆེན་སྨན་བཅོས་ཀྱི་འགྲོ་སོང་ནུས་ལྡན་ངང་ཉུང་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།