སྤྱི་སྐད་ཁྱབ་གདལ་བཏང་བས་མི་རིགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ།
—— ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བའི་སྐོར་བཀོད་པ།
ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཞིང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གྱི་དཔེ་མཚོན་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་མིང་ཐོའི་ནང་ཚུད་དེ་ལྗོངས་ཡོངས་ཀྱི་དཔེ་མཚོན་30ཡི་གྲས་སུ་ཚུད་ཡོད་པ་རེད།
བདེ་ཆེན་གྲོང་རྡལ་གྱི་གྲོང་ཚོ་ཁག་ཏུ་སྐྱོད་སྐབས་གྲོང་ཚོ་ཨུ་ལྷན་དང་། རིག་གནས་བྱེད་སྒོ་ཁང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་བཅས་སུ་རྒྱ་བོད་སྐད་ཡིག་གཉིས་ཀྱི་བྱང་བུ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དྲིལ་བསྒྲགས་སྦྱར་ཡིག་གང་སར་མཐོང་རྒྱུ་ཡོད། སྲིད་ཇུས་སྒྲོག་འགྲེལ་དང་། ཞིང་འབྲོག་རྩལ་ནུས་གསོ་སྦྱོང་། མང་ཚོགས་ཀྱི་རིག་རྩལ་མཉམ་འཁྲབ་བཅས་ཚང་མ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་གཙོ་སྐྱོང་དང་། གསལ་འགྲེལ། མཉམ་འགུལ་བཅས་བྱེད་ཀྱི་ཡོད། གྲོང་མིའི་ཚོགས་ཆེན་དང་། ཏང་ཡོན་གྱི་ཚོགས་ཆེན། གྲོང་དོན་གྲོས་མོལ་ཚོགས་འདུ་བཅས་ཀྱི་ཐོག་གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པའི་འཐུས་མིས་རང་འགུལ་ངང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་བདེ་སྡུག་ཞུ་བ་དང་གྲོང་དོན་གྲོས་བསྡུར་བྱས་ནས་གཞི་རིམ་བཅོས་སྐྱོང་དང་སྐད་ཡིག་ཁྱབ་གདལ་གཏོང་བའི་ཕྱོགས་གཉིས་ཀར་མཐུན་རྐྱེན་སྦྱར་ཡོད།
བདེ་ཆེན་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུའི་སྐར་ཁུང་མདུན་དུ་ལས་དོན་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་ལས་སྒོ་གཉེར་བར་ཡོང་མཁན་མང་ཚོགས་ལ་དམར་ཁྲིད་བྱེད་ཀྱི་ཡོད། ལོ་ན་རྒན་པའི་ཞིང་འབྲོག་པ་དང་སྐད་ཡིག་གི་རྨང་གཞི་ཞན་པའི་མང་ཚོགས་ལ་དམིགས་ནས་ཆེད་ལས་མི་སྣས“གཅིག་གཏད་གཅིག”གི་སློབ་ཁྲིད་བྱས་ཏེ་ལས་སྒོ་གཉེར་ཞོར་སྐད་ཡིག་སྦྱོང་གི་ཡོད།
མོན་སྟོད་གྲོང་ཚོའི་ཡུལ་མི་སྐར་མས་དེ་སྔ་མི་མང་ཡོད་སར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ་ཚིག་གཅིག་ཀྱང་ཤོད་ནུས་ཀྱི་མེད། རྒྱུན་མཐུད་སློབ་སྦྱོང་དང་སྦྱོང་བརྡར་བྱས་པ་བརྒྱུད། 2024ལོའི་ཟླ་9པར། ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཏམ་བཤད་འགྲན་བསྡུར་གྱི་གར་སྟེགས་ནས་བྱ་དགའ་ཨང་དང་པོ་བླངས་པ་རེད།
འོང་སྐོར་སྐབས་ཞིང་ནང་དུ་ལོ་ལེགས་ཀྱི་སྤྲོ་སྣང་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཀློག་པའི་སྒྲ་དང་མཉམ་དུ་འཕེལ་བར་བྱས་ཡོད། བདེ་ཆེན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་སྣེ་ཁྲིད་དེ་སྲོལ་རྒྱུན་གྱི་དུས་ཆེན་རིང་གསུང་རབ་གྱེར་འདོན་དང་། བརྗོད་དོན་གཙོ་བོའི་གཏམ་བཤད། དམངས་སྲོལ་གཏམ་རྒྱུད་བརྗོད་པ། ཞིང་འབྲོག་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་ཕ་ཡུལ་གྱི་འཕོ་འགྱུར་གླེང་བ་བཅས་བྱེད་ཀྱི་ཡོད། དཔྱིད་རྨོད་དཔྱིད་འདེབས་དང་། དབྱར་དུས་ཀྱི་གཡོག་བྱེད། སྟོན་དུས་ཀྱི་འབྲུ་བསྡུ། དགུན་དུས་ཀྱི་གྲབས་གསོག་བཅས་ཚང་མར“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཞིང་དོན”མཉམ་སྤྱོད་ཚོགས་འདུ་བཀོད་སྒྲིག་བྱས་ཡོད།
བདེ་ཆེན་གྲོང་ཚོའི“ཞིང་ལས་སྐོར་གླེང་བའི”མཉམ་སྤྱོད་ཚོགས་འདུའི་ཐོག་འདེབས་འཛུགས་དུད་ཆེན་ཚེ་རིང་གཡུ་སྒྲོན་གྱིས་སྤྱི་སྐད་ཐོག་ནས་རང་ཉིད་ཀྱིས་ནས་མུའུ་38.2བཏབ་པའི་མྱོང་ཚོར་མཉམ་སྤྱོད་ཐེངས་དང་པོར་བྱས་པ་དང་། ཆུ་བཟང་གྲོང་ཚོར་འདེབས་འཛུགས་དུད་ཆེན་ཚེ་རིང་བསམ་གྲུབ་ཀྱིས་རང་ཉིད་ཀྱིས་བཏབ་པའི་པད་ཁའི་སྣ་ཁ་དང་འདེབས་སྟངས་ངོ་སྤྲོད་བྱས་པ་རེད།
ཚེ་རིང་གཡུ་སྒྲོན་གྱིས“དེ་སྔ་རྒྱ་རིགས་སོགས་དང་འབྲེལ་བ་བྱེད་སྐབས་གཞན་གྱིས་གང་ཞིག་དྲིས་རུང་ངས་མགོ་བོ་ལྕོག་ལྕོག་དང་གཡུག་གཡུག་བྱེད་པ་ལས་ཐབས་གཞན་མེད། ཉེ་བའི་ལོ་ཤས་རིང་མཚན་མོའི་སློབ་གྲྭར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱངས་པས་ག་ལེར་ཤོད་ཐུབ་ཀྱི་འདུག”ཅེས་བཤད།
ད་ཆ། ཁོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱད་དེ་ཁྲོམ་ར་དང་སྦྲེལ་མཐུད་བྱེད་ཐུབ་པ་མ་ཟད། ད་དུང་ཉེ་འཁོར་གྱི་འདེབས་འཛུགས་དུད་ཚང་གི་སྣེ་ཁྲིད་དེ་མཉམ་དུ་སློབ་སྦྱོང་བྱེད་པ་དང་མཉམ་སྤྱོད་ཚོགས་འདུ་འཚོག་རིམ་བཞིན་སྟེགས་བུའི་ཐོག་མཉམ་སྤྱོད་བྱེད་པར་སྐྱོད་མཁན་དང་པོ་དེ་ཡིན་པ་རེད།
སློབ་གྲྭའི་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་ནི་ཆོ་མེད་ཀྱི་སློབ་ཚན་ཞིག་གཏན་ནས་མིན་པར་བྱིས་གླུ་བརྒྱུད་གཏོང་དང་། དཔེ་དེབ་ལྟ་ཀློག གནས་ཚུལ་གླེང་མོལ། གཏམ་རྒྱུད་འཁྲབ་སྟོན་བཅས་ཕྲུ་གུ་ཚོས་དགོད་སྒྲའི་ཁྲོད་སྐད་ཡིག་སློབ་ཚན་ཉན་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ཁྱིམ་དུ་ལོག་རྗེས་ཕྲུ་གུ་ཚང་མ“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་དགེ་རྒན་ཆུང་ཆུང”ཡིན་པ་དང་། ཁོང་ཚོས་སློབ་ཚན་ཐོག་སྦྱངས་པའི་ཤེས་བྱ་ཁྱིམ་དུ་རྒན་རབས་ཚོར་སློབ་པ་དང་ནང་མི་དང་མཉམ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རིགས་ཀྱི་བརྙན་འཕྲིན་ལེ་ཚན་ལྟ་གི་ཡོད། བདེ་ཆེན་གྲོང་རྡལ་ཏང་འཛུགས་སྐྱོང་གཞུང་ལས་ཁང་གིས་སློབ་གྲྭ་དང་གྲོང་ཚོ་ཨུ་ལྷན་དང་མཉམ་དུ་དུས་བཀག་ཐོག་ཕ་མ་དང་བུ་ཕྲུག་སྒྲིག་འཛུགས་བྱས་ནས་གྱེར་འདོན་འགྲན་བསྡུར་དང་། ཁྱིམ་ཚང་གི་འཚོ་བའི་སྐོར་ཤོད་པ། ཁྱིམ་བདག་སློབ་གྲྭར་བསྐྱོད་དེ་ཕྲུ་གུ་ཚོ་དང་མཉམ་དུ་རང་ཉིད་ཀྱི་དགེ་མཚན་ངོམ་པ་བཅས་བྱས་ཏེ་མཉམ་དུ་ཡར་རྒྱས་ཡོང་བར་བྱེད་ཀྱི་ཡོད།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། གཞི་རིམ་བཅོས་སྐྱོང་། རིག་གནས་སྤེལ་རེས་བཅས་ནང་དངོས་འབྲེལ་མཉམ་འདྲེས་ཐུབ་ཚེ་དེ་ནི་ལག་ཆ་ཙམ་ཞིག་མིན་པར་དེས་མང་ཚོགས་རྣམས་གྲོང་གསེབ་ནས་ཐོན་ཏེ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ལ་རྒྱུས་ལོན་ཐུབ་པར་བྱེད་ཀྱི་ཡོད། སྐད་བརྡའི་ཐོག་ནས་སེམས་པ་གཅིག་མཐུན་དང་ལས་དབང་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། བདེ་ཆེན་གྲོང་རྡལ་གྱིས“གསེར་གྱི་ལྡེ་མིག”དེ་སྤྱད་དེ་གྲོང་གསེབ་དར་རྒྱས་ཀྱི་དེ་བས་ཡངས་པའི་འབྱུང་འགྱུར་གཏོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།