དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཤར་རྒྱུད་དུ་ལོ་20སློབ་གསོའི་ལས་ལ་གཞོལ་བའི་རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”བསོད་ནམས་ཕུན་ཚོགས།

    ​ཤེས་བྱའི་སྒྲོན་མེས་འབྲོག་ཕྲུག་གི་སློབ་གཉེར་ལམ་བུ་གསལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-12

    ཟླ་དགུ་པར་བོད་ཀྱི་ཤར་རྒྱུད་དུ་གནམ་གཤིས་རིམ་གྱིས་གྲང་དུ་འགྲོ་བཞིན་ཡོད། ཞོགས་པའི་ཉི་ཟེར་ཐོག་མ་དེ་དཔལ་འབར་རྫོང་རྨའུ་ཤང་སློབ་ཆུང་གི་རྒྱལ་དར་གྱི་དར་ཤིང་ཐོག་འཕྲོ་སྐབས། སློབ་སྤྱི་བསོད་ནམས་ཕུན་ཚོགས་ཀྱིས་རྒྱུན་གཏན་ལྟར་སློབ་གྲྭའི་རྒྱལ་སྒོའི་འགྲམ་དུ་དཔེ་ཁུག་ཁུར་ནས་སློབ་གྲྭར་ཡོང་བཞིན་པའི་ཕྲུ་གུ་ཚོ་འཛུམ་གྱིས་བསུ་བཞིན་ཡོད།

    2006ལོ་ནས་2026ལོ་བར་གྱི་ལོ་20ཡི་རིང་། ཁོང་གིས་དཔལ་འབར་རྫོང་གི་འབྲོག་ཁུལ་གྱི་གྲོང་ཚོ་མང་པོར་བསྐྱོད་དེ་རང་ཉིད་ཀྱི་ལང་ཚོ་བོད་ཤར་རྒྱུད་ཀྱི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་ཡོད། ཁོང་གིས“སློབ་གསོས་ལས་དབང་ལ་འགྱུར་ལྡོག་གཏོང”ཐུབ་པའི་འདུ་ཤེས་དེ་འབྲོག་ཁུལ་གྱི་མི་རབས་ནས་མི་རབས་བར་གྱི་ཕྲུ་གུ་ཚོའི་སེམས་ནང་ཟུག་པར་བྱས་ཡོད།

    ཐོག་མའི་བསམ་འདུན་བྲག་ལྟར་བརྟན།

    “ང་ཏང་ཡོན་ཡིན་པས་མུ་མཐུད་སྡོད་དུ་འཇུག་རོགས”

    2006ལོར་ལོ་23ལ་སླེབས་པའི་བསོད་ནམས་ཕུན་ཚོགས་དཔལ་འབར་གྲོང་རྡལ་དུ་ལས་བགོས་བརྒྱབ་ནས་བཤོལ་འགོག་སློབ་སྐྱོང་གི་འགན་འཁུར་དུ་བཅུག སྐབས་དེ་དུས་འབྲོག་ཁུལ་གྱི་ཁྱིམ་བདག་མང་པོ་ཞིག་གིས“སློབ་སྦྱོང་བྱེད་པ་ལས་ཕྱུགས་འཚོས་ན་ཕན་ཐོགས་ཆེ་བའི”ངོས་འཛིན་བྱེད་ཀྱི་ཡོད། དེས་ན་ཁོང་གིས་སྦག་སྦག་བཞོན་ཏེ་རི་ལམ་ཀྱག་ཀྱོག་བརྒྱུད་དུད་ཚང་རེ་རེ་བྱས་ནས་ཁྱིམ་བདག་ལ་སྣེ་ཁྲིད་སློབ་སྟོན་བྱས་པ་རེད། རིམ་རྩིས་བརྒྱབ་ན་འབྲོག་ཁུལ་གྱི་ཁྱིམ་ཚང་200ལྷག་ཙམ་ལ་བསྐྱོད་ཅིང་། སློབ་གྲྭར་འགྲོ་མཚམས་འཇོག་ལ་ཉེ་བའི་ཕྲུ་གུ་30ལྷག་ཙམ་སློབ་གྲྭར་ལོག་ཐུབ་ཡོད།

    རྗེས་སུ། ཁོང་དཔལ་འབར་གྲོང་རྡལ་རྡོ་ཤོད་གྲོང་ཚོའི་སློབ་ཁྲིད་ས་ཚིགས་སུ་དགེ་རྒན་བྱེད་པར་མངགས་པ་དང་། ས་བབ་མཐོ་བའི་སློབ་ཁྲིད་ས་ཚིགས་དེ་ཐག་རིང་ལུང་ཁུག་ཏུ་གནས་པས། ཕྲུ་གུ་ཚོ་ཉིན་དགུང་ཁྱིམ་དུ་ལོག་ཐབས་བྲལ། དེ་སྔོན་སློབ་གྲྭས་སློབ་དུས་གཅིག་ལ་དགེ་རྒན་ཐེངས་རེ་བརྗེ་བའི་གཏན་འབེབས་བྱས་མོད། ཡིན་ནའང་བསོད་ནམས་ཕུན་ཚོགས་ཀྱིས་རང་འགུལ་ངང་རེ་འདུན་ཞུས་ནས་བྲང་ཁའི་ཏང་རྟགས་ལ་མཛུབ་མོ་བཙུགས་ཏེ“ང་ཏང་ཡོན་ཡིན་པས། མུ་མཐུད་སྡོད་དུ་འཇུག་རོགས། དཀའ་སྡུག་ཆེ་ཤོས་ཀྱི་ས་ཆར་བསྡད་དེ་གྲུབ་འབྲས་ཐོབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    2014ལོར་ལས་གནས་ལེགས་སྒྲིག་བྱས་པའི་དབང་གིས་བསོད་ནམས་ཕུན་ཚོགས་ཀྱིས་སླར་ཡང་དཔལ་འབར་གྲོང་རྡལ་སློབ་ཆུང་གི་སློབ་དོན་ཀྲུའུ་རེན་གྱི་འགན་འཁུར་བ་རེད། ལས་གནས་བརྗེས་ཀྱང་མི་བཟང་གསོ་སྐྱོང་གི་ཐོག་མའི་བསམ་འདུན་འགྱུར་མེད། རྨང་གཞི་ཞན་པའི་སློབ་མར་བསོད་ནམས་ཕུན་ཚོགས་ཀྱིས་མཚན་སློབ་གྲོལ་རྗེས་ཀྱི་ངལ་གསོའི་དུས་ཚོད་སྤྱད་དེ་སློབ་ཡོན་མི་དགོས་པར་ཟུར་ཁྲིད་བྱེད་ཀྱི་ཡོད། ཐོག་མར་ཕྲུ་གུ་ལྔ་དྲུག་ལས་མེད་པ་དང་ཕྱིས་སུ་40ལྷག་ཙམ་བར་མང་དུ་ཕྱིན་ཏེ་སློབ་གྲྭའི་ཚོགས་ཁང་དེ་གནས་སྐབས་ཟུར་ཁྲིད་ཁང་དུ་བསྒྱུར་དགོས་བྱུང་། ཁོང་གི་ཁྲིད་སྟོན་འོག་སློབ་གྲྭའི་སློབ་སྲོལ་གསར་རྐྱང་དུ་གྱུར་ནས་སློབ་ཁྲིད་ཀྱི་སྦྱངས་འབྲས་ལོ་རེ་བཞིན་ཡག་ཏུ་ཕྱིན་ཡོད་པ་རེད།

    དངོས་སྒྲུབ་འགན་ཁུར་བྱས་པ།

    གྲོང་གསེབ་ཀྱི་སློབ་གྲྭར་འཕེལ་རྒྱས་ཡག་པོ་བྱུང་བ།

    2016ལོར་བསོད་ནམས་ཕུན་ཚོགས་དཔལ་འབར་རྫོང་ལྕགས་གོང་ཤང་སློབ་ཆུང་གི་སློབ་སྤྱིར་དམིགས་བསལ་གྱིས་གོ་གནས་སྤར་བ་རེད། སྐབས་དེ་དུས་སློབ་གྲྭ་དེའི་འཕེལ་རྒྱས་འགྲོ་དཀའ་བ་སྟེ། དགེ་རྒན་གྱི་སྟོབས་ཤུགས་མི་འདང་བ་དང་། སློབ་གསོ་སློབ་ཁྲིད་དང་དེ་བཞིན་སློབ་གྲྭའི་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་དགོས་པས་འདི་ནི་མིང་དོན་མཚུངས་པའི“མཁྲེགས་ས”ཞིག་རང་རེད།

    དཀའ་གནད་དང་པོ་དེ་གློག་རེད། སྐབས་དེར་སློབ་གྲྭར་རྒྱལ་ཁབ་གློག་དྲའི་གློག་འཁྲིད་མེད་ཅིང་། ཉི་གློག་ཁོ་ནར་བརྟེན་དགོས་ཀྱི་ཡོད་པས་འཁྱགས་སྒམ་ལ་གློག་གཏོང་ཐབས་བྲལ་བས་ཤ་རིགས་སོགས་ཡུན་རིང་པོ་འཇོག་ཐབས་བྲལ། དེས་ན་ཁོང་གིས་ཆེད་དངུལ་སྒོར་ཁྲི་2བརྩོན་ལེན་བྱས་ཏེ་ཆུ་ཤུགས་གློག་འདོན་སྒྲིག་ཆས་ཆུང་གྲས་ཤིག་ཉོས། ལམ་གཟར་བས་ཆེད་ལས་སྒྲིག་སྦྱོར་རུ་ཁག་ཡོང་ཐུབ་ཀྱི་མེད་པས་སྒྲིག་སྦྱོར་བྱེད་པར་དཀའ་ངལ་འཕྲད། བསོད་ནམས་ཕུན་ཚོགས་ཀྱིས་དགེ་རྒན་སྐྱེས་པ་བཞི་ཁྲིད་ནས་ཁོང་ཚོ་དང་མཉམ་དུ་གཙང་འགྲམ་ནས་བྱེ་མ་དང་ས་རྡོ་དབོར་བ་སོགས་བྱས་ནས། དུས་ཡུན་ཟླ་གཉིས་རིང་གི་སློབ་ཞོར་གྱི་དུས་ཚོད་བེད་སྤྱད་དེ་ཆུ་བོའི་གྲམ་ངོགས་སུ་གློག་འདོན་སྒྲིག་ཆས་འདི་བཙུགས་པ་རེད།

    འཁྱགས་སྒམ་ལ་གློག་གཏོང་ཐུབ་པས་ཟས་ཀྱི་རྒྱུ་ཆ་སོས་པ་ཉར་ཚགས་ཐུབ་ནས་ཟ་མའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་མ་ཟད། སློབ་ཁང་དུའང་གློག་ཡོད་པས། མཚན་སློབ་རྒྱུན་གཏན་ལྟར་འཚོགས་ཐུབ་པ་བྱུང་ཡོད། གློག་འོད་དེས་སློབ་ཁང་ཞིག་གསལ་ཐུབ་པ་ཙམ་མ་ཟད། ཞིང་གྲོང་གི་སློབ་གྲྭ་ཞིག་ལ་སླར་ཡང་རེ་བའི་འོད་སྣང་ཞིག་སྦྱིན་པ་རེད།

    འོན་ཀྱང་ལྕགས་གོང་ཤང་གི་དཀའ་ངལ་ཆེ་ཤོས་ནི་ལམ་རེད། རི་ལམ་གྱི་གཞོགས་གཅིག་གཡང་ས་དང་གཞོགས་གཅིག་གཙང་པོ་ཡིན་པས། དགུན་དུས་གངས་འཁྱགས་ཀྱིས་རི་ལམ་འགག་པས་ཕྱི་རོལ་གྱི་འཇིག་རྟེན་དང་ཧ་ལམ་འབྲེལ་བ་ཆད་ཀྱི་ཡོད། འོན་ཀྱང་སློབ་གྲྭ་རྒྱུན་གཏན་ལྟར་ཚོགས་ཐུབ་ཆེད། བསོད་ནམས་ཕུན་ཚོགས་ཀྱིས་རུ་སྣེ་ཁྲིད་དེ་ཉིན་10རེ་ནས་རྫོང་གྲོང་དུ་མཁོ་ཆས་ཉོ་སྒྲུབ་བྱེད་པར་སྐྱོད་ཀྱི་ཡོད། ལས་ཀ་དེ་ད་བར་མཚམས་ཆད་མྱོང་མེད།

    ཁོང་གི་ཁྲིད་སྟོན་འོག་ལྕགས་གོང་སློབ་ཆུང་ཉམས་ཞན་ནས་སྟོབས་ཆེར་འགྱུར་བ་དང་། སྤྱི་ཡོངས་ཀྱི་སློབ་གཉེར་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། དགེ་རྒན་གྱི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། སློབ་མ་རྒྱུན་མཐུད་ནས་སློབ་སྦྱོང་བྱེད་ཐུབ་པ་དང་། འཚར་ལོངས་ཡོང་བ། འཇོན་ཐང་ཅན་དུ་འགྱུར་བ་བཅས་ཀྱི་ཐད་ལའང་ཚད་བརྒལ་གསར་པ་བྱུང་ཡོད།

    འགྱོད་མེད་ཀྱི་གདམ་ག

    སྲི་ཞུ་སྒྲུབ་ཐུབ་མེད་ཀྱང་བརྩེ་བ་ནམ་ཡང་གནས་པ།

    2018ལོར་ལྕགས་གོང་ཤང་སློབ་ཆུང་དུ་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པའི་བསོད་ནམས་ཕུན་ཚོགས་ཀྱིས་ཁོང་གི་ཨ་མའི་མཆིན་པའི་ངན་སྐྲན་བཅོས་ཐབས་མེད་པ་ཤེས་རྗེས། དེ་མུར་ལས་ཀ་ཚང་མར་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ཁྱིམ་དུ་ལོག འོན་ཀྱང་ལྕགས་གོང་ཤང་ནས་ཆབ་མདོར་ཆུ་ཚོད་བཅུ་དྲུག་བཅུ་བདུན་ཙམ་བསྐྱོད་དགོས་པས། ཁྱིམ་དུ་སླེབས་དུས་སྔ་ས་ནས་ཨ་མ་ཚེ་ལས་འདས་ཟིན།

    ལོ་གཅིག་ཡང་མ་འགོར་བར། ཁོང་གི་ཨ་ཕའི་ཀླད་ཁྲག་ཤོར། དབྱར་ཁ་དེར་ཤར་གངས་ལར་གངས་རྡིབ་གནོད་འཚེ་ཐོན་ནས། འགྲོ་ལམ་འགག་པ་རེད། ཁོང་དང་ཡུལ་མི་རྣམས་ཀྱིས་མཉམ་དུ་གངས་བཤངས་ཤིང་། ཆུ་ཚོད་བཞི་འགོར་ནས་མཐར་གཞུང་ལམ་ཤར་གཏོང་ཐུབ་ཡོད་མོད། འོན་ཀྱང་ཁོང་ཁྱིམ་དུ་འབྱོར་སྐབས། ཨ་ཕ་ཡང་ཚེ་ལས་འདས་ཟིན།

    “ངས་ཕ་མར་སྲི་ཞུ་སྒྲུབ་ཐུབ་མ་སོང་། འོན་ཀྱང་ང་འགྱོད་པ་མི་འདུག”ཅེས་བརྗོད། སྐད་ཆ་དེ་དག་གླེང་སྐབས་བསོད་ནམས་ཕུན་ཚོགས་ཀྱིས་མགྲིན་པ་བརྣངས་བཞིན་དུ“ངའི་རྩ་བ་གངས་ལྗོངས་ས་མཐོར་ཡོད། འབྲོག་ཁུལ་གྱི་ཕྲུ་གུ་ཚོས་ཤེས་བྱར་བརྟེན་ནས་རི་ཁུལ་ནས་ཁ་བྲལ་ཐུབ་ཚེ་ངས་བློས་བཏང་བ་ཚང་མ་བཏང་རིན་ཆོག་སོང”ཞེས་བཤད།

    2023ལོར་བསོད་ནམས་ཕུན་ཚོགས་རྨའུ་ཤང་སློབ་ཆུང་གི་སློབ་སྤྱིར་མངགས་པ་རེད། ཁོང་གིས་ལོ་20ཡི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་དོ་དམ་བྱེད་ཐབས་ཞིབ་ཕྲ་22བཏོན་ནས་དགེ་རྒན་གྱི་གཞུང་ལས་ཁང་དང་ཉལ་ཁང་གི་ཆ་རྐྱེན་ལེགས་སུ་བཏང་བ་དང་། ཁྱད་ལྡན་སློབ་ཁྲིད་གཟའ་འཁོར་གྱི་འཆར་གཞི་ཁྱབ་གདལ་བཏང་བས་སློབ་སྲོལ་སོགས་གསར་རྐྱང་དུ་གྱུར་བ་མ་ཟད། སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་བརྟན་པོའི་ངང་ལེགས་སུ་ཕྱིན་པ་རེད། “ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་སྤྱི”ནས“ཕུལ་བྱུང་ཏང་ཡོན”བར་གཟི་བརྗིད་མཚན་སྙན་གཅིག་རྗེས་གཉིས་མཐུད་ངང་ཁོང་ལ་ཐོབ་མོད། འོན་ཀྱང་ཁོང་གིས་ཐོག་མཐའ་བར་གསུམ་དུ་གཙིགས་ཆེ་ཤོས་སུ་འཛིན་པ་ནི་ཕྲུ་གུ་ཚོ་རི་ཁུལ་ནས་ཐོན་རྗེས་ལས་དབང་ལ་འགྱུར་ལྡོག་ཕྱིན་པའི་འཛུམ་མདངས་དེ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།