“ཀྲུང་གོ་དང་ཨེ་ཅིབ་དབར་ས་ཐག་རིང་ཡང་ཤེས་དཔལ་ཆེན་པོ་གཉིས་ཕན་ཚུན་དཔྱད་གཞིར་འཛིན་གྱི་ཡོད”
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་སྐུ་ཟླ་དབྱི་ཐི་སར་གྱི་ཕེབས་རོགས་འོག་ཨེ་ཅིབ་རྟེན་མཛོད་ཁང་ཆེ་མོར་གཟིགས་སྐོར་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ལ་རྒྱ་སྐད་ནས་འགྲེལ་བཤད་རྒྱག་མཁན་ནི་དེ་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཐེངས་མང་བྱེད་མྱོང་བའི་ཨེ་ཅིབ་ཀྱི་ཡུལ་སྐོར་སྣེ་ཤན་པ་ཨ་པཱ་སི་རེད།
ཨ་པཱ་སིས། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་དགོངས་པ་བཞེས་ཡུལ་ནི་ཀྲུང་གོ་རང་ཉིད་ཀྱི་འཕེལ་རྒྱས་ཙམ་མིན་པར་འཛམ་གླིང་ཧྲིལ་པོ་དང་མིའི་རིགས་ཡོངས་ཀྱི་འབྱུང་འགྱུར་རེད། ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དད་མོས་ཆེན་པོ་ཡོད། ལྷག་པར་དུ་ཁོང་གིས་ཉེ་བའི་ལོ་ཤས་རིང་བཏོན་གནང་བའི་རྒྱལ་སྤྱིའི་གྲོས་འགོ་མང་པོ་དེ་དག་ལས་ཁོང་གི་གཟིགས་རྒྱང་རིང་པོ་དང་བློ་བག་ཡངས་པའི་གནས་བབ་མཚོན་གྱི་འདུག ཀྲུང་གོ་བས‘གནས་བབ’ཅེས་པ་རྟག་ཏུ་གླེང་གི་ཡོད། ངས་བལྟས་ན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནས་བབ་ཅེས་གསུངས་པ་ནི་འཛམ་གླིང་ལ་ཕྱོགས་པའི་གནས་བབ་ཅིག་རེད། དེ་དངོས་གནས་ཧང་སངས་དགོས་པ་ཞིག་འདུག”ཅེས་བརྗོད།
ཨ་པཱ་སིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་སྨྱན་སྦྱོར་ཐོག་སྤེལ་གནང་བའི་མཚན་བཀོད་རྩོམ་ཡིག《ལོ་ངོ་བདུན་བཅུར་སྐྱིད་སྡུག་མཉམ་དུ་མྱངས། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད》ཅེས་པ་སློབ་སྦྱོང་ནན་ཏན་བྱས་པ་ཡིན། རྩོམ་ཡིག་འདིའི་ཚུགས་གནས་མཐོ་བ་སྟེ། ཀྲུང་ཨེའི་ཤེས་དཔལ་ལོ་ངོ་སྟོང་ལས་བརྒལ་བའི་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་མ་ཟད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་གཉིས་ཕན་གྱི་ལོ་རྒྱུས་ལམ་བུར་ཡང་ཕྱོགས་སྡོམ་གནང་བ་དེ་ལས། རང་ཉིད་ནས་ཨེ་ཀྲུང་འབྲེལ་བར་ལོ་རྒྱུས་གཏིང་ཟབ་པོ་དང་དུས་རབས་ཀྱི་དོན་སྙིང་ལྡན་པའི་ངོས་འཛིན་ཟབ་མོ་བྱུང་ཞེས་བརྗོད།
ཨ་པཱ་སིས། ལོ་10སོང་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཨེ་ཅིབ་ཏུ་རྒྱལ་དོན་འཚམས་འདྲིར་ཕེབས་པ་དེས་ཨེ་ཀྲུང་གི་ཤེས་དཔལ་ཆེན་པོ་གཉིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཨེ་ཅིབ་དང་ཀྲུང་གོ་ནི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཅིག་ཡིན་པས། ཤེས་དཔལ་གྱི་སྐད་ཆ་ཤོད་རེས་དང་མི་ཆོས་རིག་གནས་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ་དེ་ལས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་བར་སྒུལ་ཤུགས་སྣོན་རྒྱུ་རེད་ཅེས་བརྗོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨེའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཆབས་ཅིག ཁོང་སྐུ་ངོ་མས་སྐུལ་འདེད་ཀྱང་གཏོང་གནང་གི་ཡོད། 2025ལོའི་ཟླ་11ཚེས་1ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཨེ་ཅིབ་རྟེན་མཛོད་ཁང་ཆེ་མོའི་སྒོ་ཕྱེ་བར་རྟེན་འབྲེལ་ཞུས་ཤིང་། “རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་གཉིས་མོས་མཉམ་འབད་བྱེད་པར་རྒྱལ་ཁབ་གཉིས་པོའི་མི་དམངས་ཉིན་བཞིན་ཕན་ཚུན་རྒྱུས་མངའ་ཟབ་ཏུ་དང་འཆམ་མཐུན་ཡོང་བཞིན་ཡོད་པ་ང་ཚོས་མཐོང་སྐབས་དགའ་ཚོར་ཆེན་པོ་བྱུང་ཞེས་ནན་བཤད་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དེས་རྒྱལ་ཁབ་གཉིས་པོའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བ་དང་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་གཏིང་ཟབ་ཏུ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད” ཨ་པཱ་སི་ཡིས་རྟེན་འབྲེལ་འཕྲིན་ཡིག་དེ་ནས་ཨེ་ཅིབ་ཀྱི་ཤེས་དཔལ་ལ་ཀྲུང་གོས་བརྩི་མཐོང་བྱེད་པ་ཨེ་ཅིབ་མི་དམངས་ཀྱིས་ངོ་མ་ཚོར་ཡོད། “ཨེ་ཅིབ་རྟེན་མཛོད་ཁང་ཆེ་མོ་བརྒྱུད། ཀྲུང་གོ་བ་དེ་བས་མང་བས་ཨེ་ཅིབ་ཀྱི་རིག་གནས་ཤེས་རྟོགས་ཐུབ་པའི་རེ་བ་ཡོད། ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བ་ཨེ་ཅིབ་རྟེན་མཛོད་ཁང་ཆེ་མོར་ལྟ་སྐོར་དུ་ཡོང་བ་དེ་ལས་རིག་གནས་སྤེལ་རེས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ང་ཚོས་མཐོང་གི་འདུག”ཅེས་བརྗོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ནང་། ཀྲུང་ཨེའི་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བ། མིའི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཧུར་ཐག་བཅས་བྱས་ནས་ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། ཨ་པཱ་སི་ཡིས་དེར་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་འདུག མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་བས་འཛམ་གླིང་ཕྱོགས་ནས་ཞི་བདེ་དང་། བརྟན་ལྷིང་། སྤེལ་རེས། འཕེལ་རྒྱས་བཅས་སྐོར་གྱི་སྐད་སྒྲ་སྔར་བས་མང་བ་ཉན་དགོས་ཀྱི་ཡོད། མི་རིགས་མི་འདྲ་བ་དང་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་དབར་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་ཚེ། འཛམ་གླིང་དེ་ཉིད་སྔར་བས་ཞི་བདེ་དང་སྔར་བས་བརྟན་ལྷིང་ཡོང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་རིན་ཐང་ཆེ་ཤོས་ནི་འབྲེལ་མཐུད་བྱ་རྒྱུ་དེ་རེད། ཀྲུང་གོའི་རིག་གནས་དང་ཨེ་ཅིབ་རིག་གནས་ཀྱི་དེང་རབས་ཀྱི་རིན་ཐང་ཆེ་ཤོས་ནི་ང་ཚོས་འབྲེལ་མཐུད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་མ་གཏོང་རྒྱུ་དེ་ཡིན། སྔོན་ལ་རང་ཉིད་དང་འབྲེལ་མཐུད་བྱེད་པ་དང་དེ་ནས་ནང་མི་དང་། ཕ་རོལ་པོ། རྒྱལ་ཁབ། ཐ་ན་འཛམ་གླིང་བཅས་དང་འབྲེལ་མཐུད་བྱེད་དགོས་ཞེས་བརྗོད།
ཨེ་ཅིབ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་ཨེའི་དབར་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་ཨེ་ཅིབ་ཀྱི་དམངས་ཚོགས་དེ་བས་མང་བས་མཉམ་ལས་ལས་བྱུང་བའི་འགྱུར་ལྡོག་དངོས་སུ་ཚོར་ཡོད། ཨ་པཱ་སི་ཡིས། 2023ལོར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལས་ངའི་མི་ཚེ་ངོ་མཚར་དང་ལྡན་པ་ཞིག་བྱུང་སོང”ཞེས་མྱོང་བ་ཟབ་མོས་བརྗོད། ད་ཆ་སླར་ཡང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས“ངོ་མཚར་ཆེན་པོ”དེ་རང་ཉིད་ལ་དབང་བ་ཙམ་མ་ཟད། ཨེ་ཅིབ་ཀྱི་མི་དཀྱུས་མ་དེ་བས་མང་བའི་ལས་ཀ་དང་འཚོ་བའི་ཁྲོད་ནས་ཀྱང་མངོན་གྱི་འདུག ཨེ་ཀྲུང་གི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག རིག་གནས་དང་། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་ངེས་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།