དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“ཁེ་ལས་བརྒྱ་ཆ་སྒྲིག་རོགས་སྐྱོར་དང་ངལ་ནུས་མཚོ་སྐྱོར”གྱི་བྱ་སྤྱོད་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ནས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་འདོན་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཨུད་རྩ་འཛུགས་པུའུ་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་བཅས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི“ཁེ་ལས་བརྒྱ་ཆ་སྒྲིག་རོགས་སྐྱོར་དང་ངལ་ནུས་མཚོ་སྐྱོར”གྱི་བྱ་སྤྱོད་ལག་བསྟར་ཇུས་གཞི》བཀྲམ་ནས་ཁེ་ལས་སྤུས་ལེགས་འདེམས་སྒྲུག་རྒྱག་པ་དང་། རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། མངགས་ཐོའི་གསོ་སྦྱོང་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་འབྲོག་ཁུལ་གྱི་ངལ་ནུས་ཕྱོགས་སྒྱུར་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་རྒྱུན་མཐུད་བཏང་བ་རེད།

    མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་དང་། ལས་ཞུགས་འདོད་མོས། རྩལ་ནུས་ཆུ་ཚད་བཅས་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་ལས་ཞུགས་དགོས་མཁོའི་གསལ་ཐོ་བཟོས་པ་དང་འབྲེལ། ཁ་གཏད་རོགས་སྐྱོར་དང་དེ་བཞིན་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ས་ཁུལ་དང་མཉམ་དུ་ལས་མི་སྤྱོད་པའི་དགོས་མཁོ་ཆེ་བ་དང་། གླ་ཆ་བརྟན་པ། དོ་དམ་ཚད་ལྡན་བཅས་ཀྱི་ཁེ་ལས་འོས་སྦྱོར་བྱས་ཡོད། ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་ཁེ་ལས་སུ་ལས་གནས་འཚོལ་ཞིབ་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྫོང(ཆུས)45ཡིས་ཉུང་མཐར་ཡང་སྤུས་ལེགས་ཁེ་ལས་2ནས་3བར་གཏན་འཁེལ་བྱས་པ་དང་འབྲེལ། གནས་གཏན་འཁེལ་གྱི་མཁོ་སྤྲོད་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། རིམ་རྩིས་བརྒྱབ་ན་ཁེ་ལས་100ལྷག་ཙམ་དང་གན་རྒྱ་བཞག་ཡོད། རྗེས་མཐུད་ཕན་འབྲས་ལ་གཞིགས་ནས་གོ་རིམ་ལྡན་པའི་ངང་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་རེད།

    ཤང(གྲོང་རྡལ)དང་གྲོང་ཚོའི“ཨུ་ལྷན་གཉིས”དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གི་སྟོབས་ཤུགས་བཏོན་ཏེ་དུད་ཚང་དུ་བསྐྱོད་ནས། ལས་གནས་ཀྱི་ཆ་འཕྲིན་ངོ་སྤྲོད་དང་ཆེད་དོན་ལས་བསྡུའི་འདུ་ཚོགས་རབ་དང་རིམ་པ་སྤེལ་བ་དང་འབྲེལ། དྲ་ཐོག་དྲ་ཕྱིའི་ཐབས་ལམ་བརྒྱུད་དུས་ཐོག་ཏུ་ལས་གནས་ཡོངས་བསྒྲགས་བྱས་ཡོད། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི་དང་ངལ་ནུས་བར་གཉེར་སོགས་ཁྲོམ་རའི་སྟོབས་ཤུགས་ལ་བརྟེན་ནས་ཕྱིར་གླ་པ་རྒྱུག་པའི་རྨོངས་ཚོད་རང་བཞིན་ཆུང་དུ་བཏང་ཡོད།

    ཁེ་ལས་ཀྱི་ལས་གནས་དགོས་མཁོར་དམིཌ་པ་དང་། གསོ་སྦྱོང་དཀར་ཆག་སྟབས་བསྟུན་ལེགས་སྒྲིག་བྱེད་པ། “མངགས་ཐོའི་གནས་གཏན་འཁེལ་གྱི་གསོ་སྦྱོང”གཅིག་སྡུད་ཐོག་སྤེལ་བ། ཞིང་ཆེན་ཕྱིའི་དགེ་རྒན་དང་ཁེ་ལས་ཀྱི་ལག་རྩལ་རྐང་འཛིན་པ་མཚོ་སྔོན་དུ་སློབ་ཁྲིད་བྱེད་པར་གདན་ཞུ་བཅས་བྱས་ནས་གསོ་སྦྱོང་ཚད་ལོན་རྗེས་གནས་གཏན་འཁེལ་གྱི་ལས་གནས་ཐོག་བསྐྱལ་ཡོད། ལས་རིགས་རྩལ་ནུས་རིམ་པ་གཏན་འཁེལ་སོགས་ཀྱི་གདེང་འཇོག་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས། རྩལ་ནུས་ཚད་གཞི་དང་ཁེ་ལས་ཀྱི་ལས་གནས་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་པའི་ལས་ཞུགས་བརྟན་པོ་ཡོང་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།