དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེང་སེན།   |     སྤེལ་དུས།  2026-09-11

    དགེ་རྒན་དུས་ཆེན་ཐེངས་ཞེ་གཉིས་པ་སླེབས་པའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཚང་མར“ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས་པ”དང“མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་མཁན་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི”སྐུལ་ལྕག་གནང་བ་རེད།

    སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་རེད། དགེ་རྒན་ནི་སློབ་གསོ་གཉེར་བའི་གཞི་རྩ་དང་སློབ་གསོ་དར་རྒྱས་གཏོང་བའི་འབྱུང་རྩ་རེད། མིག་སྔར་རང་རྒྱལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཆེད་བསྐོས་དགེ་རྒན་ཁྲི་1870.1ཡོད་པ་དག་གིས་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཡིན་པའི་སློབ་གསོའི་མ་ལག་ལ་འདེགས་སྐྱོར་བྱེད་བཞིན་ཡོད། རྒྱ་ཆེའི་དགེ་རྒན་རྣམས་ལ་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་། སློབ་གསོ་སློབ་ཁྲིད་ལས་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་ལྕག་ཇི་ལྟར་གཏོང་དགོས་སམ།

    འཇོན་ཐང་ཆེ་བའི་དགེ་རྒན་དང་ཕུལ་དུ་བྱུང་བའི་དགེ་རྒན། སྤུས་ཚད་མཐོ་བའི་དགེ་རྒན་ཞིག་བྱུང་ན་གཞི་ནས་སྤུས་ཚད་མཐོ་བའི་སློབ་གསོ་ཡོང་སྲིད། དགེ་རྒན་གྱི་སློབ་གསོའི་ནུས་པ་མཐོ་རུ་གཏོང་བའི་འདུ་འགོད་ལག་བསྟར་བྱེད་པ་ནས་དགེ་རྒན་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རྣམ་པ་གསར་པ་འཛུགས་པའི་བར་དུ། རྒྱ་ཆེའི་དགེ་རྒན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ཚན་རྩལ་འཕོ་འགྱུར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་བཅས་དང་འཚམ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དགེ་རྒན་གྱི་སྟོབས་ཤུགས་ཆེན་པོ་སྣོན་དགོས།

    དགེ་རྒན་ལ་བརྩི་འཇོག་དང་དགེ་རྒན་ལ་ཕན་པ་འདོགས་པ། དགེ་རྒན་ལ“སྤྱི་པའི་ཞབས་ཞུ་སྔོན་ཐོབ”སྲིད་ཇུས་དོན་འཁྱོལ་བྱས་ཏེ། གྲོང་གསེབ་དགེ་རྒན་གྱི་སྡོད་ཁང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སློབ་གསོ་སློབ་ཁྲིད་མིན་པའི་ཁུར་པོ་ཡང་དུ་གཏོང་བ་སོགས། ཞིབ་ཅིང་ཕྲ་བའི་བཀོད་སྒྲིག་དང་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་མང་པོར་བརྟེན་ནས་སྐུལ་འདེད་ཏན་ཏིག་བཏང་སྟེ། དགེ་རྒན་ལ་ཕུགས་ཀྱི་སེམས་ཁྲལ་དང་སློབ་ཁྲིད་ཀྱི་སེམས་ཁྲལ་མེད་པར་བཟོས་ན། གཞི་ནས་སེམས་རྣལ་དུ་ཕབ་ནས་སློབ་གསོ་སློབ་ཁྲིད་ཀྱི་ལས་ལ་གཞོལ་ཐུབ།

    མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་འབད་འབུངས་མདུན་སྐྱོད་བྱེད། རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོའི་འཇོན་ཐང་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྐྱིད་རྩ་བ་བརྟན་དུ་གཏོང་བ་དང་སློབ་གསོའི་རྒྱ་སྟོབས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྨང་གཞི་བརྟན་དུ་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།