སློབ་གསོའི་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་བཏང་ནས་རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
“མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ཏེ། རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ནས་སློབ་གསོ་འདྲ་མཉམ་གྱི་མཐའ་ཚད་བརྟན་པོ་སྲུང་དགོས”
—— 2026ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད།
ཟླ་9པའི་ཞོགས་པར། ཧྥུའུ་ཅན་ཧྥུའུ་ཏིང་གྲོང་ཁྱེར་ཏེ་ཧྲེ་སློབ་གྲྭའི་ཚོན་ཁྲ་ཅན་གྱི་རྒྱུག་ལམ་ཐོག་ཕྲུ་གུ་ཚོ་སྦྱོང་བརྡར་བྱེད་བཞིན་ཡོད། སློབ་ཁྲིད་ཐོག་ཁང་ནང“མཉམ་སྤྱོད་སློབ་ཁང”གི་བརྙན་ཤེལ་ཆེན་པོ་ཁ་འབྱེད་རྩིས་བྱེད་བཞིན་ཡོད་པ་དང། སློབ་སྤྱི་ཁྲེན་ཧྲི་ཏི་ཡིས“ང་ཚོ་གྲོང་གསེབ་ཀྱི་སློབ་གྲྭའི་ཉལ་ཁང་གསར་ལ་དགེ་རྒན་ཡང་མང་དུ་ཕྱིན་ཏེ། དེ་སྔ་གྲོང་ཁྱེར་དུ་སློབ་གྲྭར་སྐྱོད་མཁན་ཕྲུ་གུ་ཁག་གཅིག་འདི་གར་སློབ་སྦྱོང་བྱེད་པར་ལོག་ཡོད”ཅེས་སེམས་འགུལ་ཐེབས་བཞིན་བརྗོད།
སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་རྨང་གཞིའི་སློབ་གསོར་ཐུག་ཡོད།
ད་ལོའི་ཟླ་7པར། རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས”ཞེས་དང“མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ཏེ། རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ནས་སློབ་གསོ་འདྲ་མཉམ་གྱི་མཐའ་ཚད་བརྟན་པོ་སྲུང་དགོས”ཞེས་ནན་བཤད་གནང་ཡོད།
2016ལོའི་ཟླ་9ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭར་རྟོག་ཞིབ་གནང་སྐབས། “རྨང་གཞིའི་སློབ་གསོས་རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་གནས་བབ་བཟུང་ཡོད་པས། ངེས་པར་དུ་ངེས་གནས་སྟངས་འཛིན་ཡག་པོ་བྱེད་པ་དང་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱོགས་མང་པོ་ནས་བྱ་ཐབས་སྤྱད་དེ་རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་ཏུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།
མངགས་བཅོལ་ཟབ་མོས་ཁ་ཕྱོགས་གསལ་སྟོན་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྨང་གཞིའི་སློབ་གསོ་དེ་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། བྱ་ཐབས་སྣ་མང་སྤྱད་དེ་རྨང་གཞིའི་སློབ་གསོ་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་བཏང་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
འདྲ་མཉམ་གྱི་མཐའ་ཚད་བརྟན་སྲུང་བྱས་པས་རྨང་གཞིའི་སློབ་གསོའི་གོམ་སྟབས་བརྟན་པོ་ཡོད་པ།
སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་92.90%དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་96.10% མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་92.00%ཟིན་པ་སོགས་གྲངས་གཞི་དེ་དག་ནི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོའི་རྨང་གཞིའི་སློབ་གསོར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད།
སློབ་གྲྭར་འགྲོ་རྒྱུ་ཡོད་པ་ནས་སློབ་གྲྭ་ཡག་པོ་ཞིག་ཏུ་སྐྱོད་པའི་བར་དང་གཞི་ཁྱོན་ཆེ་རུ་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བར། རྨང་གཞིའི་སློབ་གསོས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི་དུས་རབས་ཀྱི་ལས་འགན་ལྕི་པོ་དང་ལེན་ཧུར་ཐག་བྱེད་བཞིན་ཡོད།
2025ལོའི་སྟོན་ཁའི་སློབ་དུས་ནས་བཟུང་། སློབ་ཞུགས་གོང་གི་ལོ་གཅིག་རིང་བུ་བཅོལ་སློབ་གསོའི་སློབ་ཡོན་རྩ་ཆག་གཏོང་བའི་སྲིད་ཇུས་ཁྱབ་གདལ་བཏང་བས་བྱིས་པ་ཁྲི་1400ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
དགེ་རྒན་དབར་སྤེལ་རེས་དང་ལས་གནས་བརྗེ་རེས་དང་ཚོགས་པ་ཅན་གྱི་སློབ་གཉེར་སོགས་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་དང་སློབ་གྲྭའི་དབར་གྱི་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་ཡོད། མཉམ་སྤོས་བུ་ཕྲུག་དང་ལོ་རན་དབང་སྐྱོན་བྱིས་པས་སློབ་གསོ་དང་ལེན་བྱེད་པར་འགན་ལེན་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།
དུས་རབས་ཀྱི་མི་གསར་བསྐྱངས་ནས་རྨང་གཞིའི་སློབ་གསོ་བརྒྱུད་ནས་བློ་སྦྱོང་བསླབ་སྐྱོང་བྱས་ཡོད།
རྩ་བ་ལེགས་པར་ཚུགས་ན་ད་གཟོད་ཡལ་འདབ་རྒྱས་ཐུབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞིར་འགོད་པ་དང་། སློབ་ཁང་ནང་སློབ་ཁྲིད་བྱེད་པ། བློ་ལ་ངེས་པ་བཅས་ལ་སྐུལ་འདེད་བཏང་སྟེ། སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཚད་གཞི་བརྒྱུད་རིམ་ལྡན་པའི་སྒོ་ནས་འཐུས་སྒོ་ཚང་དུ་བཏང་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་སྒྱུར་བཅོས་ཚོད་ལྟ་བྱེད་འགོ་བརྩམས་ཡོད། སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ལག་ལེན་སློབ་ཁྲིད་རྟེན་གཞི་1200ལྷག་ཙམ་བསྐྲུན་ཏེ། “སྐོར་སྐྱོད་བསམ་བློ་ཆབ་སྲིད་སློབ་ཚན”དང“འགྲེམས་སྟོན་ཁང་གི་བསམ་བློ་ཆབ་སྲིད་སློབ་ཚན”གྱི་སྤུས་རྟགས་འབོར་ཆེན་ཞིག་ཆགས་ཡོད་པ་རེད།
ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྨང་གཞིའི་སློབ་གསོར་སྔར་བས་བཀྲག་མདངས་ལྡན་ཡོད།
མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་སྐྱོང་བར་སྐུལ་འདེད་བཏང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨང་གཞིའི་སློབ་གསོ་ནི་མི་བཟང་གསོ་སྐྱོང་གི་བྱ་གཞག་ཅིག་ཡིན”ཞེས་ཁ་གསལ་བཏོན་གནང་བ་དང་། “མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ཏེ་རྨང་གཞིའི་སློབ་གསོའི་ལེགས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་དགོས”ཞེས་མཛུབ་སྟོན་གནང་ཞིང་། “སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་དོན་འཁྱོལ་བྱེད་དགོས”ཞེས་མངགས་བཅོལ་གནང་ལ། “ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་ནན་བཤད་ཀྱང་གནང་ཡོད་པ་རེད།
འབྱུང་འགྱུར་ལ་ཕྱོགས་ནས་རྨང་གཞིའི་སློབ་གསོས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།
དགེ་རྒན་ནི་སློབ་གསོའི་རྩ་བ་ཡིན་ལ། སློབ་གསོ་དར་བའི་འབྱུང་རྩ་ཡང་ཡིན།
ཀྲེ་ཅང་ཀྲོའུ་ཧྲན་དུ་90ནང་སྐྱེས་དགེ་རྒན་ཧྲེན་མོང་ཝུའེ་ཡིས་གླིང་ཕྲན་ཕན་ཚུན་སྐོར་སྐྱོད་སློབ་ཁྲིད་བྱེད་པའི་སྲིད་ཇུས་དང་ལེན་ཞུས་ཏེ། མཚོ་གླིང་གི་སློབ་མའི་གམ་དུ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཚན་སློབ་སྤེལ་རེས་ཀྱི་སྦྲེལ་ཟམ་བཙུགས་པ་རེད། མཚོ་སྔོན་ཡུལ་ཤུལ་དུ། དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཝང་ཞུའེ་ལན་གྱིས་ས་བབ་སྨི་3700ཟིན་པའི་འཆད་སྟེགས་བརྟན་སྲུང་བྱས་ཤིང་། ཤེས་བྱ་སློབ་ཁྲིད་ལ་བརྟེན་ནས་སློབ་ཕྲུག་ཚོའི་མདུན་ལམ་ཡངས་པོར་ཕྱེ།
རྒྱལ་ཡོངས་ལ་བལྟས་ན། “རྒྱལ་རིམ་གསོ་སྦྱོང་འཆར་གཞི”ལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། “དམིགས་བསལ་ལས་གནས་ཀྱི་འཆར་གཞི”ལ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། “རྒྱལ་ཁབ་ཀྱི་ཕུལ་བྱུང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྐྱོང་འཆར་གཞི”ལ་ཚོད་ལྟའི་ངང་སྐུལ་འདེད་གཏོང་བ། “དྲུག་ཅུ་དབུ་དཀར་སློབ་ཁྲིད་འཆར་གཞི”སླར་ཡང་སློབ་ཁང་དུ་ཁྲིད་པ་བཅས་བྱས་ནས། ཕྲུ་གུ་དེ་བས་མང་བ་ཁྱིམ་གྱི་སྒོ་རྩར་དགེ་རྒན་བཟང་པོ་འཕྲད་པ་དང་སློབ་ཚན་ཚང་མ་ཡག་པོ་ཉན་ཐུབ་པ་བྱས་ཡོད།
གཞུང་འཁྱོངས་གསར་འབྱེད་བྱས་ཏེ་རྨང་གཞིའི་སློབ་གསོའི་ལེགས་ཆ་གསར་པ་བཏོད་ཡོད།
ཉེ་ཆར་བཏོན་པའི《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནང“སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ”གནས་བབ་གལ་ཆེན་དུ་བཞག་ནས། རྨང་གཞིའི་སློབ་གསོའི“གཞི་རྩའི”འཆར་གཞི་བཏོན་པ་སྟེ། སྤུས་ལེགས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་1000ཡན་བསྐྲུན་རྒྱུ་དང་། རེས་སྐོར་གསར་པའི་འོས་འགན་སློབ་གསོའི་ཉམས་ཞན་ལྷུ་ཚིགས་ལེགས་གཏོང་དང་ནུས་པ་ཆེར་གཏོང་ལས་དོན་ལག་ལེན་བསྟར་རྒྱུ། དམིགས་བསལ་སློབ་གསོ་དེ་ཉིད་དགེ་འོས་རིགས་ཀྱི་སློབ་མའི་ངེས་སྦྱོང་སློབ་ཚན་ནང་འཇུག་རྒྱུ་སོགས་ཡིན་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ། ཕྲུ་གུ་ཚང་མ་ནི་ཆུད་ཟོས་སུ་གཏོང་མི་རུང་བའི་རེ་བ་ཡིན། རེ་བ་དེ་བྱིས་པའི་སྐད་སྙན་ལྷང་ལྷང་ཁྲོད་འདུས་ཤིང་དགའ་སྤྲོའི་འཛུམ་མདངས་ལས་མངོན།
རྨང་གཞིའི་སློབ་གསོས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་སྣ་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད། བྱས་ན་བྱེད་གཞི་ཆེ་ལ་མདུན་ལམ་ཡང་རྒྱ་ཆེན་པོ་ཡོད། ཕྲུ་གུ་ཚང་མས་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སུ་སྤྱོད་ཐུབ་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྲ་བརྟན་དང་རྒྱུན་སྐྱོང་ཐུབ་པའི་ཤེས་ལྡན་པའི་འདེགས་སྐྱོར་ཐོབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།