ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་ངོ་78འཁོར་བར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་ངོ་78འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་78ཀྱི་རིང་། ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་ཁྲའོ་ཞན་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་དང་། སྤྱི་ཚོགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པས། དེའི་ཐད་ཀྲུང་གོ་ཕྱོགས་ཧ་ཅང་དགའ་པོ་བྱུང་། སྤུན་ཟླ་ཁྲའོ་ཞན་མི་དམངས་ཀྱིས་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་ནས་ཏང་དང་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་ལྟ་སྐྱོང་དང་ལས་དབང་གཅིག་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་རེད། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་སྲུང་སྐྱོང་དང་། སྲ་བརྟན། འཕེལ་རྒྱས་བཅས་ཡག་པོ་གཏོང་བ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་མཛད་ཕྱོགས་ཤིག་ཡིན། ད་ལོའི་ཟླ་6པར། ངས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་བྱེད་རིང་ཁྱེད་དང་སླར་ཡང་ཐུག་འཕྲད་བྱུང་སྟེ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་པའི་འགོ་བརྩམས་ཡོད། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་འབད་བརྩོན་གྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཐབ་ཇུས་ཀྱི་སྣེ་ཁྲིད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ལག་གདང་སྦྲེལ་ནས་རང་རང་སོ་སོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་དང་མཛའ་གྲོགས་རྒྱུན་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ནས། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།