དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གཙོད་ཕྲུག་རང་བྱུང་ཁམས་སུ་གློད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅང་མོང་།   |     སྤེལ་དུས།  2026-09-10

    མཚོ་སྔོན་གྱི་ཁུ་ཁུ་ཤིས་རིའི་མི་མེད་ལུང་སྟོང་ཁུལ་དུ“བུ་བཅོལ་ཁང”ཞིག་ཡོད། དེ་གའི“སློབ་མས”སྐད་ཆ་ཤོད་མི་ཤེས་ལ་མི་མཐོང་མ་ཐག་འདྲོགས་ཏེ་བྲོས་ནས་འགྲོ། དེ་གའི“དགེ་རྒན”ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་སྐོར་རུ་མི་ཡིན་པ་དང་། ཁོང་ཚོར་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་མེད་ཀྱང་འོ་མ་སྟེར་བ་དང་། གཉིད་ཁུག་ཏུ་འཇུག་པ། དུག་སེལ། རི་ལ་གློད་པ་བཅས་ཀྱི་འཇོན་ཐང་ཆེན་པོ་ཡོད།

    “བུ་བཅོལ་ཁང”དེར་དེ་བས་དངོས་གཞིའི་སྒོ་བྱང་ཞིག་བཀལ་ཡོད་པ་སྟེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་ཁུལ་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཞེས་པ་དེ་ཡིན།

    ལོ་ལྟར་གྱི་ཟླ་5པ་ནས་7པའི་བར་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། བོད་ཀྱི་བྱང་ཐང་། ཤིན་ཅང་གི་ཨར་ཅིན་རི་བོ་བཅས་ཀྱི་གཙོད་མོ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་བརྒྱུད་ཁུ་ཁུ་ཤིས་རིའི་དབུས་རྒྱུད་ཀྱི་རྩོ་ནག་མཚོའི་རྒྱུད་དུ་གཙོད་ཕྲུག་བཙའ་བར་ཡོང་གི་ཡོད། “ལམ་བར་དུ་བཙས་མ་ཐག་པའི་གཙོད་ཕྲུག་ཁ་ཤས་རང་བྱུང་ཁམས་ཀྱི་གནོད་འཚེར་གཡོལ་བ་དང་གནམ་གཤིས་ངན་པའི་རྐྱེན་གྱིས་གཙོད་མོ་དང་ཁ་ཐོར་བའམ་ཡང་ན་རྨས་སྐྱོན་ཕོག་གི་ཡོད། གཙོད་ཕྲུག་དེ་དག་རི་སྐོར་རུ་མིས་མཐོང་རྗེས་སྔོན་ལ་རྩོ་ནག་མཚོ་སྲུང་སྐྱོང་ས་ཚིགས་ཀྱིས་གནས་སྐབས་ལྟ་རྟོག་བྱས་ཏེ་གཙོད་ཕྲུག་བཙའ་བའི་དུས་ཚིགས་མཇུག་འགྲིལ་རྗེས་གཅིག་གྱུར་ཐོག་གཙོད་ཕྲུག‘བུ་བཅོལ་ཁང’དུ་སྐྱེལ་གྱི་ཡོད”ཅེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རི་སྐོར་རུ་མི་བློ་གྲོས་དབང་ཕྱུག་གིས་བཤད།

    ཉིན་ལྟར་ཕྱི་དྲོར་གཙོད་ཕྲུག་ཚོའི“ལུས་རྩལ་སློབ་ཚན”ཡིན་པ་དང“དགེ་རྒན”ཚོས་གཙོད་ཕྲུག་རི་ལ་འདེད་ཀྱི་ཡོད། བློ་གྲོས་དབང་ཕྱུག་གིས“དེ་ལྟར་བྱས་ཚེ་གཅིག་ནས་ཟས་འཇུ་བདེ་ལ། ཤ་ཤེད་རྒྱས་པ་དང་རྩྭ་ཡང་ཟ་ཤེས་ཀྱི་ཡོད”ཅེས་གཙོད་ཕྲུག་དེད་ཞོར་བཤད།

    གྲོགས་པོ་ཆུང་ཆུང་ཚོ་དང་འདྲ་བར“བུ་བཅོལ་ཁང”དུ་སླེབས་མ་ཐག་པའི་གཙོད་ཕྲུག་དག་འདྲོགས་འགོ་ལངས་ནས་མཚན་གང་སྐད་བརྒྱབ་པས་རུ་མི་ཚོས་པང་དུ་བཏབ་ནས་གཉིད་ཁུག་ཏུ་འཇུག་གི་ཡོད། དེ་ལྟར་ལྟ་རྟོག་བྱས་པ་ལས་གཙོད་ཕྲུག་གིས་ཀྱང་མི་ངོ་ཆོད་ཀྱི་ཡོད། “ང་ཚོའི་ལས་གོས་ནི་ནག་པོ་ཡིན། གཙོད་ཕྲུག་གིས་ཚོས་གཞི་དེ་ངེས་པ་མ་ཟད། ང་ཚོའི་ལུས་ཀྱི་དྲི་མའང་ངེས་ཀྱི་ཡོད། གྱོན་ཆས་གཞན་པ་གྱོན་པའི་མི་ཆ་མེད་ནང་དུ་ཕྱིན་ན་གཙོད་ཕྲུག་འདྲོགས་ཏེ་བྲོས་འགྲོ་གི་ཡོད། འོན་ཀྱང་ལས་གོས་ནག་པོ་གྱོན་པའི་མི་མཐོང་ཚེ། གཙོད་ཕྲུག་མི་འབྲོ་བ་མ་ཟད། ད་དུང་ཉེ་སར་བཅར་ནས་རྗེས་འདེད་གཏོང་གི་ཡོད”ཅེས་བློ་གྲོས་དབང་ཕྱུག་གིས་བཤད།

    སྲུང་སྐྱོང་ས་ཚིགས་ཀྱིས་དུས་མཚམས་དབྱེ་ནས་རི་ལ་གློད་ཀྱི་ཡོད་པ་སྟེ། གཙོད་ཕྲུག་སྔོན་ལ་ཚང་དུ་འཇུག་གི་ཡོད། ཆེ་ཙམ་ཆགས་རྗེས་ར་སྐོར་དུ་འཇུག་པ་དང་། རྦད་དེ་ཆེན་པོ་ཆགས་རྗེས་ལྷས་ར་ཆེན་པོ་ཞིག་ཏུ་འཇུག་གི་ཡོད།

    “སློབ་གྲྭར་འགྲོ་བ”ནི་བདེ་བླག་ངང“སློབ་མཐར་ཕྱིན་པའི”ཆེད་དུ་ཡིན་ལ། རང་བྱུང་ཁམས་སུ་ལོག་ཐུབ་ཆེད་ཡིན། རོགས་སྐྱོབ་ནས་ཕྱིར་གློད་པའི་བར་སྤྱིར་བཏང་ལོ་2ནས་3འགོར་གྱི་ཡོད། གཙོད་ཕྲུག་རི་ལ་མ་གློད་གོང་གི་ཟླ་གསུམ་བཞི་ཙམ་མི་སུ་ལའང་འཕྲད་དུ་འཇུག་གི་མེད་ཅིང་། “དགེ་རྒན”ཚོས་གཙོད་ཕྲུག་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱི་ཡོད། གལ་ཏེ་སྔར་བཞིན་མི་ལ་མི་སྐྲག་པ་དང་མིའི་ཕྱོགས་སུ་རྒྱུག་ཡོང་ཚེ་རི་ལ་གོམས་མེད་པ་གསལ་བཤད་བྱེད་ཐུབ། གལ་ཏེ་མི་ལ་དོགས་ཟོན་བྱེད་པ་དང་རྒྱང་བཀྱེད་ནས་འགྲོ་གི་ཡོད་ཚེ་སྤྱིའི་ཆ་ནས་རི་ལ་གོམས་ཡོད། གཙོད་ཕྲུག་གློད་ཐེངས་རེ་རེར“དགེ་རྒན”ལ་ལ་མཆི་མ་དབང་མེད་དུ་ཤོར་ལ། “གཙོད་ཕྲུག་ལྷས་ར་ནས་རི་ལ་རྒྱུག་སྐབས། ང་ཚོར་དགའ་ཚོར་སྐྱེས་ལ། བློས་ཀྱང་ཐོངས་ཀྱི་མི་འདུག”ཅེས་བློ་གྲོས་དབང་ཕྱུག་གིས་བཤད།

    ད་ཆ་ཁུ་ཁུ་ཤིས་རིའི་སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་ནས་གཙོད་ཁྱུ་རིམ་གྱིས་མང་དུ་འགྲོ་བཞིན་ཡོད། བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་བཙུགས་ཚུན། གཙོད་ཚུད་པའི་རི་སྐྱེས་སྲོག་ཆགས་ཁྱོན་བསྡོམས་800ལྷག་ཙམ་བསྐྱབས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།