ས་བབ་མཐོ་བའི་པད་ཁ་འདེབས་གསོར་ཚད་བརྒལ་ཆེན་པོ་བྱུང་བ།
ཟླ་8ཚེས་31ཉིན་ནས་ཟླ་9ཚེས་2ཉིན་བར་ས་བབ་མཐོ་བའི་དཔྱིད་འདེབས་པད་ཁའི་སྣ་ཁ་གསར་པ“ཀྲུང་པད་མཚོ་ཨང་དང་པོ”དང་མཚོ་སྔོན་ཞིང་ཆེན་གྱི་པད་ཁའི“ཚང་གསུམ་ནུས་ཆེའི”ལག་རྩལ་རྣམ་པའི་ས་གནས་ས་ཐོག་གི་ལྟ་སྦྱོང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད། རྒྱལ་ཡོངས་ཀྱི་པད་ཁའི་ཚན་ཞིབ་རིགས་གཅིག་མཁས་ཅན་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣ། འདེབས་འཛུགས་དུད་ཆེན་བཅས་དང་དེ་བཞིན་ཁེ་ལས་ཀྱི་འཐུས་མི་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ས་གནས་ས་ཐོག་ཏུ་ལྟ་སྦྱོང་དང་ཚད་ལེན་དཔྱད་བསྡུར་བྱས་པ་བརྒྱུད། སྣ་ཁ་གསར་པའི“ཀྲུང་པད་མཚོ་ཨང་དང་པོ”མུའུ་རེའི་ཕན་འབྲས་སྒོར་3000ལས་བརྒལ་ནས་ས་བབ་མཐོ་བའི་ས་ཁུལ་གྱི་པད་ཁའི་ཐོན་འབབ་ལ་ཚོད་འཛིན་ཕོག་པ་དང་། འགོག་ནུས་མི་འདང་བ། ཕན་འབྲས་དམའ་བ་སོགས་ཀྱི་ཐོན་ལས་ཀྱི་དཀའ་གནད་ནུས་ལྡན་བསལ་ཡོད།
ལྟ་སྦྱོང་ཚོགས་འདུའི་རིང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཧན་ཀྲུང་གིས་སྣེ་ཁྲིད་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་དཔེ་སྟོན་རྟེན་གཞིའི་ཞིང་ཁར་བསྐྱོད་དེ“ཀྲུང་པད་མཚོ་ཨང་དང་པོ”ལ་ས་ཡུལ་དངོས་སུ་གདེང་འཇོག་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོགས་པས་ས་གནས་ས་ཐོག་ཏུ་བརྔ་བསྡུ་དཔེ་ལེན་དང་གནད་སྨིན་ཐོན་འབོར་ཚོད་རྩིས་བྱས་ནས་སྣ་ཁའི་ཐོན་ཚད་དང་། སྤུས་ཚད། འགོག་ནུས་སོགས་ཀྱི་ལྟེ་བའི་དམིགས་ཚད་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པ་རེད། དེ་རྗེས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས“ཀྲུང་པད་མཚོ་ཨང་དང་པོའི”ཚོད་འདེབས་བྱ་ཡུལ་དུ་གདེང་འཇོག་བྱས་འབྲས་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། ཕྱོགས་བསྡུས་དཔྱད་བསྡུར་གཏན་འཁེལ་བྱས་པ་བརྒྱུད་སྣ་ཁ་གསར་པ་དེར་ས་བབ་མཐོ་བའི་དམིགས་བསལ་སྐྱེ་ཁམས་ཁོར་ཡུག་འོག་གྲང་འགོག་རང་བཞིན་མངོན་གསལ་དོད་པ་དང་། སྔ་སྨིན་ལེགས་པ། ཐོན་འབབ་བརྟན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་མཚོ་བོད་ས་མཐོའི་གནམ་གཤིས་དང་འཚམ་པ་དང་། མུའུ་རེའི་ཕན་འབྲས་སྒོར་3000ལས་བརྒལ་བ། དཔལ་འབྱོར་ཕན་འབྲས་ཧ་ཅང་ལེགས་པ་བཅས་ལྡན་ཡོད།
ཚོགས་འདུའི་ཐོག་ཡོན་ཧྲི་ཝང་ཧན་ཀྲུང་གིས་འགོ་བརྗོད་དུ《པད་ཁ་འདེབས་གསོའི་ཐད་ཕྱོགས་གཅིག་གསར་གཏོད་ནས་ཕྱོགས་ཡོངས་སུ་ཚད་བརྒལ་བྱུང་བ》ཞེས་པའི་ཆེད་དོན་སྙན་ཞུ་ཕུལ་ཡོད། དེའི་ནང་བསྟན་དོན། “ཀྲུང་པད་མཚོ་ཨང་དང་པོའི”སྣ་ཁ་དང་ལེ་ལག་ཚང་བའི་འདེབས་གསོའི་ལག་རྩལ་ཐད་ཚད་བརྒལ་ཉིས་བརྩེགས་བྱུང་བ་ལས་ཡོན་ཧྲི་ཝང་ཧན་ཀྲུང་གི་ཚོགས་པས་ཐོག་མར་བཏོད་པའི“Bt+Eb”འདེབས་གསོའི་རིགས་པའི་གཞུང་ལུགས་མ་ལག་གི་ཚན་རིག་རང་བཞིན་དང་། གསར་གཏོད་རང་བཞིན། དངོས་སྤྱོད་རང་བཞིན་བཅས་ར་སྤྲོད་གང་ལེགས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།