“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་ལུས་རྩལ་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་ལུས་རྩལ་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཞིང་། དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་བསལ་བ་དང་། ས་མཐོའི་ཁྱད་ལྡན་འགྲན་བསྡུར་རྒྱུན་མཐུད་སྤེལ་བ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་རྨང་གཞི་བརྟན་དུ་རྒྱུན་ཆད་མེད་པར་ཕྱིན་པ། རྩལ་འགྲན་ལུས་རྩལ་ལ་གཙོ་གནད་ཚད་བརྒལ་བྱུང་བ། ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཐོན་པ་བཅས་བྱུང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་19480བཏང་ནས་བོད་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་རེད། མིག་སྔར། བོད་ལྗོངས་སུ་ལུས་རྩལ་ཐང་10128ཡོད་པར་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་837.15ཟིན་པ་དང་། མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་2.24ཟིན་ཡོད། རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ལ་ཞུགས་མཁན་མི་གྲངས་ཁྲི་108.41ཟིན་པ་དེས་བོད་ལྗོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་29.3%བཟུང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཀྱིས“བོད་ཀྱི་ལུས་རྩལ་འགྲན་བསྡུར་དུས་ཚིགས”ལ་བརྟེན་ནས་གངས་ལྗོངས་ས་མཐོར་རྒྱལ་སྤྱི་དང་རྒྱལ་ནང་གི་ཤུགས་རྐྱེན་ལྡན་པའི་ལུས་རྩལ་འགྲན་བསྡུར་ཁག་མང་པོ་སྤེལ་འགོ་ཚུགས་པ་སྟེ། ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་བོད་ལྗོངས་འགྲན་ཁུལ་གྱི་འགྲན་བསྡུར་དང་མངའ་རིས་ཀྱི་རི་བགྲོད་རྐང་འཁོར་ཀླུང་རྒྱུག་འགྲན་སློང་འགྲན་བསྡུར་ལ་སོགས་འགྲན་བསྡུར་དེ་དག་ལས་བོད་ཀྱི་སྐྱེ་ཁམས་མཛེས་ལྗོངས་དང་ས་མཐོའི་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པ་མ་ཟད། བོད་ཀྱི་ལུས་རྩལ་གྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་དེ་བས་ཆེ་རུ་ཕྱིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་ནས་རྣམ་གྲངས་བཀོད་སྒྲིག་བྱས་ཏེ་འབྲིང་རྒྱུག་དང་རྒྱང་རྒྱུག་དང་། མར་སུན་འགྲན་རྒྱུག གངས་ཤུད་རི་འཛེག ཀླུང་རྒྱུག་གངས་ཤུད། སྦེ་ག བྲག་འཛེག་སོགས་ཀྱི་ལེགས་ཆ་ལྡན་པའི་རྣམ་གྲངས་ཧུར་ཐག་བཏོད་པ་དང་། རྣམ་གྲངས་དེ་དག་ལ་ཞུགས་མཁན་ལུས་རྩལ་པ་རྒྱལ་ཁབ་རུ་ཁག་ནང་བདམས་ཡོད། རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་རར་བོད་ཀྱི་ལུས་རྩལ་པས་དཔའ་ངར་ཆེན་པོས་འབད་འཐབ་བྱས་པས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁྱོན་གཟེངས་བསྟོད་རྟགས་མ་447ཐོབ་ཡོད།
གཞན་ཡང་། བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་རི་ཐང་གི་ཁང་ཕྱིའི་ལུས་རྩལ་ཁུལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས་ལུས་རྩལ་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཡོད། ཧི་མ་ལ་ཡ་སྒྲོལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐའ་ཟད་འགྲན་བསྡུར་དང་། རྒྱལ་སྤྱིའི་འཕྱོ་གཡེང་ཡོངས་བསྒྲགས་འགྲན་བསྡུར། ས་མཐོའི་གྲུ་ཤན་འབྲུག་མགོའི(ཀོ་གྲུ)འགྲན་བསྡུར་སོགས་སྤུས་རྟགས་འགྲན་བསྡུར་བདེ་བླག་གཉེར་བས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་པ་དང་ས་མཐོའི་ཁྱད་ལྡན་ལུས་རྩལ་སྤུས་རྟགས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།