དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་བློ་གྲོས་མཁོ་འདོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-10

    ཟླ་8ཚེས་30ནས་ཟླ་9ཚེས་3ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཁེར་གྷི་སི་ཐན་དུ་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་ནས་ཁེར་གྷི་སི་ཐན་དང་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། ད་ཐེངས་ཀྱི་འཚམས་འདྲིར་མཐུན་སྒྲིལ་མཉམ་ལས་གཙོ་རྐང་དུ་བྱེད་པ་དང་། ལས་དབང་གཅིག་མཐུན་ལ་དམིགས་པ། དྲང་སྙོམས་དྲང་བདེན་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཁག་གི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་དངོས་ཡོད་དང་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཟབ་མོ་ཐོབ་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་དང་སྒྲིག་གཞི་མང་པོས་རྩོམ་ཡིག་སྤེལ་ནས། ས་འབྲེལ་ཆབ་སྲིད་ཀྱི་སྲུབས་ཀ་ཆེ་རུ་འགྲོ་བ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་ཕོག་པའི་རྒྱབ་ལྗོངས་འོག་ད་ཐེངས་ཀྱི་འཚམས་འདྲིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེ་ཡོང་བ་དང་། བརྟན་ལྷིང་ལ་སྐུལ་འདེད། འཕེལ་རྒྱས་དོན་གཉེར་བཅས་ཀྱི་རེ་སྒུག་ལ་ཨ་ལན་ནུས་ལྡན་བསློགས་ནས། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་བློ་གྲོས་མཁོ་འདོན་བྱས་ཡོད། དེ་ལས་བློས་འགེལ་ཆོག་པའི་རོགས་ཟླ་དང་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོའི་གཟུགས་བརྙན་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

    དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་བ།

    ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་པི་སི་ཁེག་དབུ་ཚོགས་ལ་ཞུགས་ཏེ“ཆེ་ཤོས་གསུམ”གྱི་ཐད་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བཀྲག་མདངས་འཚེར་ས་གནད་ལ་འཕིགས་པའི་སྒོ་ནས་སྙིང་བསྡུས་གནང་བ་དང་། དུས་བབ་ཕྱག་གཟིགས་ཀྱིས“མཐའ་འཁྱོངས་བཞི”བཏོན་གནང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སེམས་ནུས་གཅིག་སྒྲིལ་དང་བརྟན་བགྲོད་རྒྱང་འཁྱོལ་ལ་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་གནང་བ་དེ་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཛིན་པའི་ཀྲུང་གོའི་འདུ་ཤེས་ཀྱི་སྣེ་ཁྲིད་ནུས་པ་དང་། ལམ་སྲོལ་གྱི་གསར་གཏོད་ནུས་པ། མཉམ་ལས་ཀྱི་སྐུལ་འདེད་ནུས་པ་བཅས་མངོན་ཡོད།

    ཨུ་རུ་སུའི《ཚོང་པའི་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་པི་སི་ཁེག་དབུ་ཚོགས་ལ་ཞུགས་རིང་གནང་བའི་གསུང་བཤད་གལ་ཆེན་ལས་ཀྲུང་གོས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱས་ནས་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ལུགས་མཚོན་གྱི་ཡོད། གནས་ཚུལ་སྤེལ་བའི་ནང་། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་དེ་བས་ཆེ་བ་ཡོད་དགོས་ཞེས་ནན་བཤད་བྱས་ཡོད།

    《ཨུ་རུ་སུའི་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། པི་སི་ཁེག་དབུ་ཚོགས་རིང་བཏོན་པའི་ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་གྱིས་ཕྱོགས་ཁག་གི་མི་ཐབས་རིག་ནུས་ལག་རྩལ་བེད་སྤྱོད་དང་ལག་ལེན་ཐད་ཀྱི་ཉམས་མྱོང་སྤེལ་རེས་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་བར་སྐུལ་འདེད་གཏོང་རྒྱུ་རེད། རྩོམ་ཡིག་ནང་དབྱེ་ཞིབ་བྱས་དོན། ཀྲུང་གོས་ཚན་རྩལ་འཕེལ་རྒྱས་གཏོང་བ་དེ་ཕྱོགས་ཁག་དང་མཉམ་ལས་བྱེད་པའི་ཁྱབ་ཁོངས་གལ་ཆེན་ལ་བརྩིས་པ་དང་། ཀྲུང་གོའི་མི་ཐབས་རིག་ནུས་ལག་རྩལ་གྱིས་ཕྱོགས་མང་མཉམ་ལས་བརྒྱུད་རྒྱལ་ཁབ་དང་དམངས་ཚོགས་དེ་བས་མང་བར་ཕན་པ་འཐོབ་རྒྱུ་རེད།

    ཐ་ཇིག་སི་ཐན་རྒྱལ་ཁབ་ཚན་རིག་ཁང་ཨེ་ཤེ་ཡ་དང་ཡོ་རོབ་གནད་དོན་ཞིབ་འཇུག་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་བ་ལྟར་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་སི་ཁེག་དབུ་ཚོགས་རིང་བཏོན་གནང་བའི་གྲོས་འགོ་གལ་ཆེན་གྱིས་ས་ཁུལ་དང་རྒྱལ་ཁབ་ལ་ས་བབ་ཀྱི་ལེགས་ཆ་དེ་ཐུན་མོང་དར་རྒྱས་ཡོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྩོམ་ཡིག་ནང་དཔེ་མཚོན་དྲངས་པ་སྟེ། ཉེ་ཆར་ཀྲུང་གོའི་ཐེན་ཅིན་དུ་སྒོ་བྱང་བཀལ་ནས་བཙུགས་པའི་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འགག་སྒོའི་དཔལ་འབྱོར་མཉམ་ལས་ལྟེ་གནས་དང་། ན་ནིང་ཟླ་9པར་བཙུགས་པའི་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་ཐོན་ལས་མཉམ་ལས་ལས་སྟེགས། གྲངས་འཛིན་དཔལ་འབྱོར་མཉམ་ལས་ལས་སྟེགས། ལས་རིགས་ལག་རྩལ་སློབ་གསོའི་མཉམ་ལས་ལྟེ་གནས་སོགས་ནི་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་ཆེད་འབད་བརྩོན་ཧུར་ཐག་བྱས་པའི་ལག་ལེན་དངོས་ཤ་སྟག་རེད།

    མཛའ་བརྩེའི་རྒྱུན་བསྐྱངས་ནས་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱས་པ།

    ཁེར་གྷི་སི་ཐན་དང་ཨེ་ཅིབ་སོགས་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་དང་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དོ་ཁུར་ཟབ་མོ་བྱས་ཡོད།

    ཁེར་གྷི་སི་ཐན་གྱི“ཁཱ་པ་ཨེར”རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཛའ་མཐུན་གྱི་འབྲེལ་བས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་འགྲོ་བར་ཁྲིད་སྟོན་གལ་ཆེན་གནང་ཡོད། རྒྱལ་ཁབ་གཉིས་པོའི་ཚོང་དོན་དང་མ་འཇོག་རྒྱུན་མཐུད་ངང་འཕར་བ་དང་། ཀྲུང་ཁེར་དབར་གྱི་ལྕགས་ལམ་གྱིས་ཟོག་འགྲུལ་དང་། མཛོད་ཉར། འགག་སྒོ། ཞབས་ཞུ། ཚོང་དོན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད།

    ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་དཔྱད་གཏམ་ནང་། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། རྒྱལ་ཁབ་གཉིས་པོས་དར་རྒྱས་དང་བསྐྱར་དར་གྱི་ལམ་དུ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ“ཨེ་ཀྲུང་མཛའ་གྲོགས་ཀྱི་རྒྱུག་མཐུད་དབྱུག་པ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས”ཞེས་འཁོད་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད” ཨེ་ཅིབ་ཀྱི《ཧྭ་ཧྥུའུ་ཐུའོ་ཚགས་པར》ཐོག་རྩོམ་ཡིག་སྤེལ་དོན། ཨེ་ཅིབ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་། ཨེ་ཀྲུང་གི་ཐོན་ལས་ཀྱི་ལེགས་ཆ་གསབ་རེས་དང་མཉམ་ལས་ཀྱི་མདུན་ལམ་ཡངས་པོ་ཡོད།

    དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཐད་ཀྱི་དཀའ་ངལ་སེལ་བར་སྤྱོད་གོ་ཆོད་པའི་ཐབས་ལམ་མཁོ་འདོན་བྱས་པ།

    མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་རུ་ཕྱིན་ནས་ཅ་ཧྲའི་དམག་འཁྲུག་གི་མེ་ལྕེ་མཆེད་པ་དང་ཨ་རི་དང་། དབྱི་སི་རལ། དབྱི་རན་བཅས་དབར་གྱི་དམག་འཁྲུག་སླར་ཡང་ལངས་ཡོད། ད་ཐེངས་འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་རྒྱལ་སྤྱིའི་དུས་བབ་དང་གླེང་མང་བའི་གནད་དོན་ཐད་སྤེལ་རེས་གཏིང་ཟབ་གནང་ནས་ཞི་བདེའི་ཆེད་དུ་གཏམ་བཤད་གནང་བ་དང་དྲང་བདེན་གྱི་ཆེད་དུ་མགྲིན་ཚབ་པ་གནང་ཡོད།

    ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་ཤར་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་ཁག་བཞི་བཏོན་གནང་བར་ས་ཁུལ་དང་རྒྱལ་ཁབ་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། གནས་ཚུལ་སྤེལ་བའི་ནང“གྲོས་འགོ་ཁག་བཞི་ཡིས་ས་ཁུལ་གྱི་རང་བདག་དང་། ཆབ་སྲིད་ཀྱི་སྐད་ཆ་ཤོད་རེས་དང་འཕེལ་རྒྱས་ཀྱི་མཉམ་ལས་ཟུང་འབྲེལ་བྱས་ཏེ་དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཐད་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད”ཅེས་འཁོད་ཡོད།

    ཁུ་ཝེ་ཐེའི《པའོ་ཀྲང་ཚགས་པར》ཐོག་རྩོམ་ཡིག་སྤེལ་དོན། འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོ་ཕྱོགས་ཀྱིས་གྲོས་འགོ་ཁག་4བཏོན་པ་དེ་ཐོག་ནས་མཉམ་ལས་དང་རྒྱུན་མཐུད་ཆོག་པའི་བདེ་འཇགས་ལ་དམིགས་པའི་བསམ་འདུན་མཚོན་གྱི་ཡོད། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་སྔར་བས་ཆེ་རུ་ཕྱིན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་དྲང་གཞག་ངང་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་ཐབས་ཇུས་ནང་ཞུགས་པར་སྐུལ་མ་ཐེབས་རྒྱུ་རེད།

    སོ་ཏི་ཨ་རབ་དབྱིན་ཡིག་ཉིན་རེའི་ཚགས་པར《ཨ་རབ་ཀྱི་གསར་འགྱུར》ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་དངོས་སྒྲུབ་མཉམ་ལས་མཐའ་འཁྱོངས་དང་། རྒྱལ་ཁབ་ཁག་གི་བདག་དབང་ལ་བརྩི་འཇོག དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་ཕྱི་འབྲེལ་འདུ་ཤེས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།