དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་པོ་ནཱ་མུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-09-10

    ཟླ་9ཚེས་8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་པོ་ནཱ་མུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་པོ་ནཱ་མུའུ་ཡིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། མ་གཞི་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་རྒྱལ་བབ་མི་འདྲ་ཡང་ཐུན་མོང་གི་ཁེ་ཕན་ནི་མི་མཐུན་པའི་ཆ་ལས་གལ་ཆེ་བ་ཡོད་པས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། མི་མཐུན་པའི་ཆ་ལས་སྒྲོལ་བ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་བྱས་ཏེ་གཉིས་ཕན་མཉམ་ལས་ཀྱི་དོན་ཆེན་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བཞིན་ཡོད་པས། ལེགས་ཆ་གསབ་རེས་དང་ཕན་ཚུན་རོགས་རམ་བྱས་ཆོག ཀྲུང་གོས“ལོ་ལྔ་ཚན་བཅུ་ལྔ་པའི”རིང་སློབ་གསོ་དང་། སྨན་བཅོས། དངུལ་རྩ་བཅས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། དེ་དག་ཚང་མ་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ཁྱབ་ཁོངས་ཤིག་རེད། ཀྲུང་གོ་དང་དབྱིན་ཇི་གཉིས་ཀ་ཚན་རྩལ་གྱི་རྒྱལ་ཁབ་ཆེན་པོ་ཡིན་ཞིང་། གཉིས་ཀར་སློབ་གསོ་དང་། རིག་གནས། ལུས་རྩལ་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། སྒོ་དབྱེ་རྒྱང་ལྟའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་མ་དངུལ་འཇོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་དབྱིན་ཇིས་འགན་སྲུང་གང་ལེགས་བྱེད་རྒྱུའི་རེ་བ་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་གཙོ་བོ་ཡིན་པའི་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་དང་སྒོ་དབྱེའི་ཚོང་དོན་ལ་རྒྱབ་སྐྱོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་གཙོ་བོ་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    པོ་ནཱ་མུའུ་ཡིས་དེ་དོན་ཁག་ལ་མོས་མཐུན་ཆེན་པོ་གནང་ཞིང་། ཁོང་གིས། ངས་དེ་སྔ་མན་ཁྲེ་སི་ཐེ་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འགན་ཡུན་རིང་འཁུར་མྱོང་བས་ཀྲུང་གོ་དང་ལོ་མང་གི་མཛའ་གྲོགས་འགྲོ་འོང་ཡོད། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་སྐབས་མན་ཁྲེ་སི་ཐེ་གྲོང་ཁྱེར་དུ་འཚམས་འདྲི་གནང་བ་དང་། ས་གནས་དེ་ག་དང་ཀྲུང་གོ་ཕྱོགས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། དབྱིན་ཇིས་ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་དབྱིན་ཀྲུང་གི་ཡུན་རིང་བརྟན་ལྷིང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད། དབྱིན་ཇིས་ཀྲུང་གོ་དང་མཐོ་རིམ་འགྲོ་འོང་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླར་གསོ་ཐུབ་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་འདོད་ཡོད། ཐའེ་དབན་གྱི་གནད་དོན་ཐད་ལ་དབྱིན་ཇིའི་ལངས་ཕྱོགས་འགྱུར་བ་བྱུང་མེད། མིག་སྔའི་ཡོ་ལང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོས་སྐད་ཆ་ཤོད་རེས་ལ་བརྟེན་ནས་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་སྟེ། འཛམ་གླིང་གི་བརྟན་ལྷིང་དར་རྒྱས་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད། པོ་ནཱ་མུའུ་ཡིས་ཀྲུང་གོས་བོད་ལྗོངས་སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་ལས་ཕྱོད་ཆེ་ལ་ནུས་ལྡན་ངང་ཁ་གཏད་བཅག་པར་བསྔགས་བརྗོད་གནང་བ་དང་། ཀྲུང་གོས་ཤུགས་རྐྱེན་ཐེབས་པའི་དབྱིན་ཇིའི་སྤྱི་དམངས་ལ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།