ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་2.4ཛ་དྲག་ངང་བཏང་བ།
ཞིང་ཆེན་5ཡིས་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ།
ཉེ་དུས། རྒྱ་མཚོའི་རླུང་འཚུབ“ཧྲ་ཏེར”གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་ལྷོ་ཕྱོགས་ཀྱི་ས་ཆ་མང་པོར་ཁྱབ་ཁོངས་ཆེ་བའི་རྒྱུན་མཐུད་རང་བཞིན་གྱི་དྲག་ཆར་བབས་པ་དང་ཆར་པ་ཐལ་དྲགས་པའི་རང་བཞིན་མངོན་གསལ་དོད་པས། ཆུ་ལོག་དང་ཞོད་སྐྱོན་དང་ས་གཤིས་ཀྱི་གནོད་འཚེ་ཐོན་ནས། མི་སྣ་ཤི་རྨས་དང་ཁང་པར་གཏོར་སྐྱོན་ཕོག་པ་རེད། ཟླ་9ཚེས་7ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་2.4ཛ་དྲག་ངང་བཏང་སྟེ། ཀྲེ་ཅང་དང་། ཧྥུའུ་ཅན། ཅང་ཤིས། ཧུའུ་ནན། ཡུན་ནན་བཅས་ཞིང་ཆེན་5ཡིས་ཆུ་ལོག་དང་ཞོད་སྐྱོན་དང་ས་གཤིས་གནོད་འཚེའི་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་། བར་བརྒལ་དུས་མཚམས་ཀྱི་འཚོ་བའི་རོགས་སྐྱོབ། དེ་བཞིན་གཏོར་ཞིག་ཕོག་པའི་སྡོད་ཁང་ཉམས་གསོ་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཏན་ཏིག་བྱས་ཏེ། གེགས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད།
ནོར་སྲིད་པུས་གོང་གསལ་གྱི་ཞིང་ཆེན་5ཡི་ནོར་སྲིད་སྡེ་ཚན་ལ་དུས་ཚོད་དམ་འཛིན་གྱིས་གེགས་ཁུལ་ལ་མ་དངུལ་གཏོང་སྤྲོད་བྱས་ཏེ། རྒུད་སྐྱོབ་མ་དངུལ་གྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས། རྒུད་སྐྱོབ་མ་དངུལ་ཚང་མ་གེགས་ཁུལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།