དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁོང་གི་ལང་ཚོ་དམངས་སྲོལ་ཤེས་རིག་ལ་ཐིམ་ཡོད།

    —— ཁང་དམར་རྫོང་ཀ་ལ་ཤང་གྱེན་གུག་གྲོང་ཚོའི་ཡུལ་མི་པདྨ་ནམ་མཁའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་མཆོག ཉི་མ་ཚེ་རིང་། སྤེན་པ། ཚེ་ཁོ།   |     སྤེལ་དུས།  2026-09-10

    པདྨ་ནམ་མཁའ་ཡིས་རྩོམ་ཡིག་འབྲི་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་གྱི་ཁང་དམར་རྫོང་ཞེས་པའི་ས་མིང་དེ་ཐོས་མ་ཐག ཧི་མ་ལ་ཡའི་བྱང་འདབས་ཀྱི་ས་ཁད་མཐོ་པོའི་ཡུལ་ལུང་དེ་སྐྱེ་བོ་ཀུན་གྱི་སྣང་ངོར་འཆར་ངེས་ཡིན་ལ། པདྨ་ནམ་མཁའ་ཞེས་དམངས་སྲོལ་རིག་གནས་ཀྱི་གཏམ་རྒྱུད་མང་པོ་རྩོམ་མཁན་ཁོང་ཡང་ཡུལ་ལུང་དེ་ན་འཚོ་གནས་བྱེད་བཞིན་ཡོད།

    འཕྲིན་རྩོམ་འདི་འགོ་རྩོམ་པར་མི་ལོ་18གོང་གི་འདས་དོན་ལ་དྲན་གསོ་བྱེད་དགོས་ཏེ། 2008ལོའི་གཞི་རིམ་གཤམ་སྐྱོད་ཀྱི་བཅར་འདྲིའི་གོ་སྐབས་ཤིག་ལ། གསར་འགོད་པས་ཁང་དམར་རྫོང་ཀ་ལ་ཤང་གྱེན་གུག་སྨད་གྲོང་ཚོར་བསྐྱོད་ཅིང་། གངས་དཀར་ཇོ་མོ་ལྷ་རིའི་འདབས་རོལ། རྡོ་ཆེན་མཚོ་མོའི་བྱང་ངོགས་སུ་ཁུ་སིམ་མེར་གནས་པའི་ས་མ་འབྲོག་གི་ཡུལ་ལུང་ཆུང་ཆུང་དེ་ནི་རང་རྒྱལ་དང་འབྲུག་རྒྱལ་ཁབ་ཀྱི་ས་མཚམས་མདུན་མར་ཆགས། སྐབས་དེ་དུས་ནད་གཞི་ཇེ་ལོད་དུ་གྱུར་བའི་པདྨ་ནམ་མཁའ་ཡིས་བཟོད་པར་དཀའ་བའི་ལུས་ཀྱི་ཟུག་རྔུར་སྡུག་བསྲན་གནང་ཏེ་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པའི་རྣམ་པ་དེ། མི་ལོ་18འདས་པའི་དེ་རིང་གི་དུས་སུའང་སེམས་ཁོང་ལས་ཡལ་ཐབས་མ་བྱུང་ལ། གྲོང་གསེབ་ཀྱི་མི་སྣ་ཆེས་ཕལ་པའི་བདེ་སྡུག་ལ་སྣང་འཇོག་བྱེད་པའི་ལས་རིགས་ཀྱི་གོམས་གཤིས་འདིས། ལས་དབང་ལ་བློ་ཡིད་ཚིམ་པའི་འགྱུར་ལྡོག་བྱུང་མུས་ཀྱི་མི་སྣ་ཁོང་ལ་ངེད་ཚོས་ཆེད་དུ་སླར་ཡང་བཅར་འདྲི་ཞུས་པ་ཡིན།

    དབང་པོ་སྐྱོན་ཅན་དུ་གྱུར་པ།

    ཟླ་8པའི་ཚེས་4ཉིན་གྱི་ཞོགས་པར། ངེད་ཚོས་རྒྱལ་རྩེ་རྫོང་ནས་རྡོག་ཐོན་བྱས་ཏེ་མྱང་ཆུ་གཙང་པོའི་ཆུ་འགོ་གཞན་ཞིག་ཏེ། ཁང་དམར་ལུང་ཤུར་ནས་འབབ་པའི་ཆུ་ཕྲན་དེད་བཞིན་ལྷོ་ཕྱོགས་ཀྱི་ཡུལ་ལུང་དེ་ལ་ཆས། རྫོང་གྲོང་ལ་སླེབས་ཁའི་མཚམས་སུ་རྫོང་དེའི་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཞེས་པའི་སྒོ་ར་ཆུང་ཆུང་ཞིག་གི་ནང་དུ་པདྨ་ནམ་མཁས་ང་ཚོར་བསྒུགས་ནས་བསྡད་འདུག གདན་ཁྲིའི་ཟུར་ན་བཞག་པའི་འཁར་རྒྱུག་གཉིས་དང་ཉེ་མཐོང་མིག་ཤེད་ལ་བལྟས་ན་རྒན་བཟོ་དོད་པོར་སྣང་ཡང་། གཏམ་གླེང་གི་ཁྲོད་ནས་བློ་རིག་གྲུང་པོས་དམངས་ཁྲོད་རིག་གནས་ཁྲོད་དུ་ཞུན་བརྡར་ཐེབས་ཟིན་པ་ཚོར་འོང་།

    ང་ཚོས་ཆུང་བྱིས་པའི་དུས་ཀྱི་དྲན་གསོ་ནས་བཅར་འདྲིའི་འགོ་བཙུགས། 1980ལོར། ཀ་ལ་ཤང་གྱེན་ཁུག་སྨད་གྲོང་ཚོར་པདྨ་ནམ་མཁའི་ལྟེ་ཁྲག་འཕོས་ཤིང་། དྲིན་ཆེན་ཕ་མ་གཉིས་པོར་སྐྱེས་པ་ཕོ་ལུས་ཀྱི་ཁྱེའུ་ཞིག་བསྐོས་པ་ནི་དགའ་འོས་པའི་དོན་ཆེན་ཞིག་ཅི་ལ་མིན། དེ་ལྟར་དྲིན་ཆེན་ཕ་མས་གཙོས་ཕུ་ནུ་མིང་སྲིང་ཚོའི་དཔྲལ་བའི་མིག་འབྲས་བཞིན་བྱམས་དང་བརྩེ་བས་གཉོར་སྐྱོང་བྱས་ཏེ་སློབ་ལོ་ལོན་པའི་ན་ཚོད་ལ་སྐྱིད་སྣང་གིས་ཕྱུག་པའི་སློབ་གྲྭའི་ནང་དུ་ཀ་ཁ་ག་ངའི་རྨང་གཞིའི་རིག་གནས་སློབ་པར་སྐུལ་ཏེ་དམའ་རིམ་སློབ་འབྲིང་མཚམས་སུ་སླེབས། མི་ཡུལ་གྱི་བར་ཆད་ཅེས་པ་ནི་སྐབས་ལ་ལར་ཐོག་ཁུང་ནས་ཟགས་པའི་ཆག་སྒོ་བཞིན་པདྨ་ནམ་མཁའ་རང་ལོ་13ལ་སོན་པའི་ལོ་དེར་བྱིས་པའི་དབང་རྩའི་སྦྲིད་ནད་ཕོག་སྟེ་སློབ་མཚམས་ཆད་ཅིང་མལ་སར་ལུས། སྐབས་དེའི་གྲོང་གསེབ་ཀྱི་སྨན་བཅོས་ཆ་རྐྱེན་ཞན་པས་ནད་གཞིའི་ཟུག་རྔུ་ལངས་ཐེངས་རེར་ཁོང་གི་སེམས་ལ་དྲན་པ་ནི་འཇིག་རྟེན་མི་ཡུལ་དུ་རང་ཉིད་ལས་ཉམ་ཐག་པ་ཞིག་ཡོད་ཨང་སྙམ་ཞིང་། ན་ཟུག་དབང་གིས་མགོ་བོ་གྱང་ལ་བརྡབ་པའང་ལན་རེ་གཉིས་ཙམ་གྱིས་ག་ལ་ཚད། ཟུག་གཟེར་འཇགས་རྗེས་སློབ་གྲྭའི་ནང་གི་བྱམས་བརྩེ་ཆེ་བའི་དགེ་རྒན་དང་འདྲིས་ཤིང་འཆམ་པའི་སློབ་གྲོགས་རྣམས་དྲན་ཏེ་མིག་ཟུང་མཆི་མས་བརླན་པའང་གྲངས་ཀྱིས་ག་ལ་ཆོད། དེ་ལྟར་པདྨ་ནམ་མཁའ་ཡིས་སྔས་མགོར་བཞག་པའི་སྒྲ་བསྡུ་འཕྲུལ་ཆས་ལ་བརྟེན་ནས་ཕྱི་རོལ་གྱི་ཆ་འཕྲིན་ཤེས་རྟོགས་དང་སློབ་དེབ་གང་ཡོད་གཅེས་ཉར་བྱས་ཏེ་ཤེས་བྱ་རིག་གནས་ཐད་རང་སྦྱོང་ཧུར་ཐག་བྱས།

    ཕ་མེས་ཀྱི་ངག་རྒྱུན་དར་སྤེལ་བཏང་བ།

    གནའ་སྔ་མོའི་དུས་ནས་ཁང་དམར་གྱི་ཡུལ་ཕྱོགས་སུ་མིའི་རིགས་འཚོ་སྡོད་དང་རིགས་རྒྱུད་འཕེལ་ཏེ། ཕུན་སུམ་ཚོགས་པའི་ཤེས་དཔལ་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དཔང་རྟགས་བཞག་ཡོད། 2019ལོར་ཀ་ལ་ཤང་དུ་གསར་རྙེད་བྱུང་ཞིང་ད་བར་མི་ལོ་4500ཙམ་གྱི་ལོ་རྒྱུས་མངའ་བའི་མ་བུ་མཚོའི་གནའ་ཤུལ་དེ་ནི་མདོ་དབུས་མཐོ་སྒང་དབུས་གཞུང་དང་ལྷོ་རྒྱུད་ཀྱི་ས་བབ་མཐོ་ཤོས། ལོ་རབས་སྔ་ཤོས། རྒྱུན་མཐུད་ཀྱི་དུས་ཡུན་རིང་ཤོས། རིག་གནས་ཀྱི་གོ་རིམ་གསལ་ཤོས། རང་ངོས་རིག་གནས་ལ་བཀྲག་མདངས་ཀྱི་ཁྱད་ཆོས་མངའ་བའི་རྡོ་ཆས་གསར་མའི་སྐབས་ཀྱི་གནའ་ཤུལ་ཞིག་ཡིན་པའི་ཡོངས་བསྒྲགས་བྱས་ཡོད།

    དཔང་མཐུག་པའི་ཁང་དམར་གྱི་ཤེས་རིག་རྒྱབ་ལྗོངས་དེ་འདྲའི་ཁྲོད་པདྨ་ནམ་མཁའ་ཡིས་རང་ལུས་དབང་པོ་སྐྱོན་ཅན་དུ་གྱུར་ཡང་མི་ལོ་30ལྷག་གི་རིང་ཞེ་རུས་ཆེན་པོས་རང་སྦྱོང་བྱས་ཏེ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་དེབ་ཐེར་ཕོན་ཆེར་ལྟ་ཀློག་ཉམས་ཞིབ་བགྱིས་ཤིང་། རང་ཡུལ་གྱི་ཡུལ་མི་རྒན་རབས་མང་པོའི་ངག་ཐོག་ཏུ་ལུས་པའི་གཏམ་རྒྱུད་ཕོན་ཆེན་ཟིན་ཐོར་བཀོད་དེ་གསར་རྩོམ་ལས་སྣོན་བྱས་ནས《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྤང་རྒྱན་མེ་ཏོག》སོགས་ཀྱི་དུས་དེབ་ཐོག་བཀོད་ལ། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཞེས་པ་ལྟར། པདྨ་ནམ་མཁའ་ཡིས་སྔ་རྗེས་སུ་སྤེལ་བའི་རྩེར་སོན་བརྩམས་ཆོས་ཏེ། 《ཁ་རོ་ལའི་དམ་ཚིག》《ཡང་མེས་ལྷ་དབང་ཚེ་རིང》སོགས་ལ་རྩོམ་རིག་སྒྱུ་རྩལ་ལས་དོན་པའི་གདེང་འཇོག་གང་ལེགས་ཐོབ་ཅིང་། དམངས་སྲོལ་རྩོམ་རིག《ཕོར་པའི་ནང་སྤགས་གཡོས་ཚུལ》《ཞོ་གླུའི་སྐོར་མདོ་ཙམ་གླེང་བ》《གཡང་དཀར་མ་མོ་དང་གཡང་དཔོན་གཡང་གཡོག་ལ་བསྟོད་པ》《བག་མར་མགོ་གཡོགས་ཀྱི་རྒྱག་གླུ》《སི་ལིང་འབྲི་མོ་དང་འབྲོག་པའི་འཚོ་བ》《གཡང་དཀར་མ་མོ་དང་གཡང་དཔོན་ཕོ་གསར་སྨན་ཆུང་བུ་མོ》སོགས་ལྷན་ཅིག་ཏུ་བསྡུས་ནས་ཁང་དམར་རྫོང་གི་དམངས་ཁྲོད་རིག་གནས་ཕྱོགས་བསྒྲིགས《མྱང་ཆུའི་བཞུར་སྒྲ》ཞེས་པ་བཏོན་པ་དང་། གཉེན་སྟོན་གཞས་ཆེན《མེ་ལོང་གི་དབུས་པའི་གདོང་ལེན》ཞེས་པ་ཡིག་ཐོག་ལ་ཕབ་པས་གཞིས་རྩེ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་མ་ཟད། ཁོང་གིས་ཚན་རྩལ་ཆ་འཕྲིན་ཁྱབ་སྤེལ་ལག་རྩལ་རང་སྦྱོང་བྱས་ཏེ་སྒྲིག་བཟོ་བྱས་པའི《ཇོ་མོ་ལྷ་རི》ཞེས་པའི་སྒེར་གྱི་བརྙན་ཐུང་ཡང་སྤྱི་སྟེགས་ཐོག་སྤེལ་མུས་རེད།

    མི་ཚེ་སྐྱིད་འགོ་ཚུགས་པ།

    བཅར་འདྲི་ཞུ་རིང་། པདྨ་ནམ་མཁའ་ཡིས་འཁར་བ་གཉིས་མཆན་འོག་ལ་བཅུག་ནས་འགུལ་སྐྱོད་བྱེད་པ་དང་། ཁོང་གི་འཚོ་བ་སྐྱེལ་ས་དེ་ནི་རང་བྱུང་ཆུ་ཚན་གྱི་ཞབས་ཞུ་གཙོ་བོར་བྱས་པའི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་ལྟེ་གནས་ཡིན་ཕྱིར་ལྟོ་གོས་ལ་སེམས་ཁྲལ་མེད། 2024ལོར་ཁང་དམར་རྫོང་གིས་མ་དངུལ་སྒོར་ཁྲི་600བཏང་ནས་དབང་སྐྱོན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་གསར་དུ་བསྐྲུན་པ་དང་། ཁོང་ཉིད་འགན་འཁུར་མི་སྣར་བསྐོས་པ་རེད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཤིང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལས་ཀའི་ཕྱོགས་སྟོན་དུ་འཛིན་པ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱེད་པ། མཐའ་སྲུང་མཐའ་བརྟན་གྱི་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱས་པ་དང་། མཐའ་མཚམས་སུ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་པ་དང་། མཐའ་མཚམས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ། མཐའ་མཚམས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཕྱིན་པ་བཅས་བྱུང་སྟེ། མཐའ་བརྟན་དམངས་མཐུན་དང་མཐའ་དར་དམངས་ཕྱུག་གི་མི་སེམས་འགུལ་བའི་རྒྱུགས་ལན་ཞིག་ཕུལ་ནས། ཁོང་དང་བཅས་པའི་ཡུལ་མི་ཚོའི་འཚོ་བ་ཉིན་བཞིན་བདེ་སྐྱིད་ལྡན་པར་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།