སྤྱི་ཁྱབ་ཧྲུའུ་ཅིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་ཞུས་གནང་བ།
དགེ་རྒན་དུས་ཆེན་ཐེངས་ཞེ་གཉིས་པ་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། དུས་ཡུན་རིང་པོའི་ནང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ། སློབ་གསོའི་ལས་ལ་གཞོལ་བ་དང་དཔེ་ཁྲིད་མི་སྐྱོང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་བཟང་གསོ་སྐྱོང་། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་མཁན་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།