དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོའི་ཉིན་ཐོ།

    ​“འདི་གར་ང་ཚོ་བློ་ཧ་ཅང་བདེ་པོ་འདུག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2026-09-09

    ཟླ་9ཚེས་6ཉིན། གནམ་འཐིབས་པ།

    དེ་རིང་ནི་གནོད་འཚེ་ཐོན་རྗེས་ཀྱི་ཉིན་བཅུ་གཉིས་པ་ཡིན་ཞིང་། ཉིན་དགུང་ང་རང་སླར་ཡང་སྐྱིད་གྲོང་གྲོང་རྡལ་གྱི་ཁྲོམ་གཞུང་གཙོ་བོར་བསྐྱོད་པ་ཡིན།

    ནེ་པ་ལའི་ཁྱད་ལྡན་ཚོང་ཁང་ཞིག་ཏུ་ལོ་24ལ་སླེབས་པའི་ནེ་པ་ལའི་བུ་མོ་ཨན་ཙེ་ལི་དང་འཕྲད་བྱུང་། ཁོ་མོ་ནི་འདི་གའི་ཚོང་ཟོག་འཚོང་མཁན་ཞིག་ཡིན་པས་ཟོག་སྒྲོམ་དུ་ཚོང་ཟོག་སྒྲིག་བཞིན་འདུག གྲོང་རྡལ་དུ་སྡོད་མཁན་ནེ་པ་ལའི་མི་མང་ཆེ་བས་བོད་སྐད་ཤོད་ཤེས་ཀྱི་ཡོད་པས་ངས་ཁོ་མོ་དང་ཁ་བརྡ་གློད་པ་ཡིན།

    ཁོ་མོས“ངས་རོགས་སྐྱོབ་མི་སྣས་རོཌ་སྐྱོབ་ལས་ལ་ཧུར་ཐག་གཞོལ་བ་མཐོང་སྐབས་ཀྲུང་གོ་བ་ནི་དངོས་འབྲེལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པའི་ཚོར་སྣང་བྱུང”ཞེས་ང་ལ་བརྗོད།

    འཁྲིས་སུ་ཡོད་པའི་ནེ་པ་ལའི་ཕོ་གཞོན་ཞིག་གིས་ང་ལ་རག་མ་ཐག་པའི་སྟབས་བདེའི་ཐུག་པ་དང་འཐུང་བྱ་སྟོན་བཞིན“བཟའ་བཅའ་དང་འཐུང་བྱ་ཚང་མ་རིན་མེད་ལེན་ཆོག་པས་འདི་གར་ང་ཚོ་བློ་ཧ་ཅང་བདེ་པོ་འདུག”ཅེས་བརྗོད།

    ཁོང་ཚོ་དང་ཁ་གྱེས་ནས་ང་རང་ཁྲོམ་གཞུང་གཞན་ཞིག་ཏུ་བསྐྱོད་པ་ཡིན། “རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་མཐའ་མཚམས་ཡུལ་མིའི་ཞབས་ཞུའི་ས་ཚིགས”ཞེས་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་ཞིག་གི་འོག་ཏུ་ནེ་པ་ལའི་མཐའ་མཚམས་ཡུལ་མི་ཁ་ཤས་ཀྱིས་དངོས་ཟོག་ལེན་བཞིན་ཡོད་པ་དང་། ལས་དོན་མི་སྣས་ཐོ་འགོད་ཞོར་དུ་ཆུ་ཁོལ་མཁོ་འདོན་བྱེད་བཞིན་འདུག

    གནོད་འཚེ་ཐོན་རྗེས། ཀྲུང་གོ་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་ཕྱི་རྒྱལ་དང་འབྲེལ་ཡོད་མི་སྣ་བཀོད་སྒྲིག་འགན་ལེན་གྱི་སྔོན་ཇུས་ལག་ལེན་བསྟར་ནས་དེ་གར་ལུས་པའི་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་མི་སྣའི་འཚོ་བ་ཐ་སྐྱོང་དང་། སེམས་གསོ། གོ་རིམ་ལྡན་པའི་ངང་རྒྱལ་མཚམས་སྒྲོལ་བ་སོགས་ཀྱི་ལས་དོན་ཁག་སྤྱི་འདོམས་ཀྱིས་ཡག་པོ་བསྒྲུབས་པ་མ་ཟད། ནེ་པ་ལའི་མཐའ་མཚམས་ཡུལ་མི་1720ལ་འཚོ་བའི་འགན་ལེན་བྱས་པ་རེད།

    སྡོད་གནས་སུ་ལོག་པའི་ལམ་བར་དུ་ང་ལ་ནེ་པ་ལའི་མཐའ་མཚམས་ཡུལ་མི་འགའ་ཞིག་འཕྲད་བྱུང་། ཁོང་ཚོའི་ཁྲོད་ལ་ལ་འདི་གར་ལས་ཀ་བྱེད་པ་དང་། ལ་ལ་འདི་གར་ཚོང་རྒྱག་པ། ལ་ལ་ཐ་ན་འདི་གར་གཉེན་སྒྲིག་བྱས་ནས་གཞིས་ཆགས་ཡོད། ངས་ཁོང་ཚོར་འདི་གར་ཚོར་སྣང་གང་འདྲ་འདུག་གམ་ཞེས་འདྲི་སྐབས། ནེ་པ་ལའི་སྐྱེས་པ་ཞིག་གིས“འདི་གའི་མི་རྣམས་ཧ་ཅང་མཛའ་ཞིང་མཐུན་པ་ཞིག་འདུག ང་ཚོ་ཁོང་ཚོའི་ནང་མི་ལྟར་བརྩི་གི་འདུག ང་ཚོར་དཀའ་ངལ་འཕྲད་རིམ་བཞིན་ཚང་མས་རོགས་པ་གང་ཐུབ་བྱེད་ཀྱི་འདུག”ཅེས་འཛུམ་དམུལ་དམུལ་ངང་བརྗོད་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།