པེ་ཅིང་གིས་ལས་ཞུགས་གསར་པའི་ཚོགས་སྤྱིའི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་པ།
མྱུར་སྐྱེལ་ཕོ་གསར་པེ་ཅིང་གི་གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་གལ་ཆེན་དུ་གྱུར་པ།
གྲོང་ཁྱེར་ཆེས་ཆེ་གྲས་པེ་ཅིང་དུ་མྱུར་སྐྱེལ་ལས་ཀ་བྱེད་མཁན་ཁྲི་10ཙམ་ཡོད་པའི་ནང་འཐབ་ས་དང་པོའི་མྱུར་སྐྱེལ་བ་ཁྲི་6.5ཟིན་གྱི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་རྣམ་གསར་པའི་འཕེལ་རྒྱས་ལ་དོ་ཁུར་ཟབ་མོ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལས་ཞུགས་གསར་པའི་ཚོགས་སྤྱིའི་བསམ་བློའི་ཁྲིད་སྟོན་དང་གོང་བུ་གཅིག་ཏུ་སྒྲིལ་བའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས”ཅེས་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། པེ་ཅིང་གྲོང་ཁྱེར་གྱིས་བསམ་བློ་ཆབ་སྲིད་ལས་དོན་ནས་འགོ་བཙུགས་ཤིང་། ལས་ཞུགས་གསར་པའི་ཚོགས་སྤྱི་དེ་བས་ལེགས་པའི་སྒོ་ནས་གྲོང་ཁྱེར་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ནས། གཞི་རིམ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་ཡོད།
གཞི་རིམ་གྱི་འཐབ་ས་དང་པོར་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ།
བསྐུར་མ་སྐྱེལ་བའི་ལམ་བར་དུ་ཧྲུན་ཧྥུང་མྱུར་སྐྱེལ་བ་ལིའུ་ཁོའུ་ལ་གོམས་གཤིས་ཤིག་ཡོད་པ་སྟེ། ཁོང་གིས་མི་ཧྲེང་རྒན་རྒོན་གྱི་སྡོད་གནས་བརྒྱུད་སྐབས་རྟག་ཏུ་ཁྲ་ཡོལ་ལ་ལྟ་ཙམ་བྱེད་ཀྱི་ཡོད། དེ་ནི་ཁོང་གིས་རྒན་རྒོན་དང་ཁ་ཆད་བྱས་པའི་ལས་ཤིག་ཡིན་ལ། གལ་སྲིད་ཉིན་ཞིག་ཁྲ་ཡོལ་ཕྱེ་མེད་ཚེ་སྒོ་རྡུང་གི་ཡོད།
གྲོང་ནུབ་ཁུལ་གྱི་ཀྲ་ལན་ཁྲོམ་གཞུང་གི་ཧྲེ་ཐོའུ་སྲང་ལམ་དུ་ཐོག་ཁང་རྙིང་པ་མང་ལ་གཞིས་ལུས་རྒན་རྒོན་ཡང་མང་བས། ལིའུ་ཁོའུ་དང་མྱུར་སྐྱེལ་བ་འགའ་ཞིག་གིས་རང་འགུལ་ངང“སྐོར་སྐྱོད་སོ་ལྟ་བ”བྱས་ཏེ། ལོ་གཅིག་རིང་རྒན་རྒོན་ལ་འཕྲད་པའི་ཉེན་ཁ་གསུམ་ཐག་གཅོད་རོགས་བྱས་ཡོད། ལིའུ་ཁོའུ་ཡིས“ཐེངས་ཤིག་ཨ་ཅག་ལི་ལགས་ཀྱི་ཁྲ་ཡོལ་ཕྱེ་མེད་པ་དང་། སྒོ་བརྡུངས་ཀྱང་ཁ་ཡ་བྱེད་མཁན་མི་འདུག་པས། ང་ཚོས་འཕྲལ་མར་སྡེ་ཁུལ་དང་འབྲེལ་བ་བྱས་པ་ཡིན། སྒོ་ཕྱེ་ནས་ལྟ་དུས་ཁོང་ཁྲག་མངར་འདུས་ཚད་དམའ་བའི་རྐྱེན་གྱིས་མགོ་ཡུ་འཁོར་ནས་འགྱེལ་འདུག་པས། ང་ཚོས་འཕྲལ་མར་སྨན་བཅོས་བྱེད་པར་བསྐྱལ་བ་ཡིན”ཞེས་བརྗོད།
“མྱུར་སྐྱེལ་བ་སྒྲིག་འཛུགས་བྱས་ནས་གཞི་རིམ་བཅོས་སྐྱོང་ནང་ཞུགས་ཚེ། ཁོང་ཚོའི་གཏོགས་སེམས་ཆེ་རུ་འགྲོ་ཐུབ་ལ། ཁོང་ཚོའི་ཁྲོམ་གཞུང་གང་སར་བསྐྱོད་དེ་སྤྱི་ཚོགས་དང་མི་དམངས་ཀྱི་གནས་ཚུལ་རྒྱུས་མངའ་ཡོད་པའི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་འདོན་ཐུབ”ཅེས་གྲོང་ནུབ་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་ཁྲེན་ཏན་ཧུང་གིས་བཤད། ཉེ་བའི་ལོ་ཤས་རིང་། གྲོང་ནུབ་ཁུལ་གྱིས་དྲ་ཐོག་ནས་མངགས་སྐྱེལ་བ་སོགས་ལས་ཞུགས་གསར་པའི་ཚོགས་སྤྱི་ཚུད་པའི་ཚོགས་སྤྱི་རིགས་10“གྲོང་ཁྱེར་གྱི་དང་ལེན་པའི”དཔུང་ཁག་ནང་བཅུག་ནས། དུས་བདེ་སྲུང་སྐྱོང་དང་རྒན་རོགས་ཞབས་ཞུ་སོགས་རྣམ་པ་ཆེན་པོ་དྲུག་ལ་དམིགས་ཏེ། “ཞོར་དུ་པར་རྒྱག་པ་དང་། ཞོར་དུ་རོགས་རམ་བྱེད་པ། དུས་ཐོག་ཏུ་སྙན་སེང་ཞུ་བ། དུས་ངེས་མེད་དུ་དྲིལ་བསྒྲགས”བཅས་བྱེད་ཀྱི་ཡོད།
ཕྱོགས་གཉིས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
ཉིན་དགུང་གི་དུས་སུ་ཤར་སྐོར་ལམ་བཞི་པའི་འགྲམ་དུ“ཤར་རླུང་མྱུར་སྐྱེལ་ཁང་ཆུང”གི་ཨར་འདམ་ལམ་ངོས་སུ་ཉི་འོད་ཕོག་ནས་ཚ་རྐྱང་ཆགས་ཡོད། ཧྲེན་ཐུང་མྱུར་སྐྱེལ་བ་ཀྲང་ཏའེ་ལེ་ཡིས་འགྲམ་དུ་ཡོད་པའི་ཁྲའོ་དབྱང་ཆུས་ཤར་རླུང་ཁྱིམ་གཞིས་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་པེན་དབྱིང་དང་མཉམ་དུ་སྡེ་ཁུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་གསལ་ཐོར་ཞིབ་བསྡུར་བྱེད་བཞིན་ཡོད་ཅིང་། ཁོང་གཉིས་ཀྱི་སྟོད་གོས་སྔ་ས་ནས་རྔུལ་ཆུས་འཚོས་ཡོད།
རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.6བཟུང་བའི“སྒོ་ར་ཆུང་ངུ”དེར་མྱུར་སྐྱེལ་ཀུང་སི་18ཀྱི་མྱུར་སྐྱེལ་བ་300ལྷག་ཙམ་ཡོད། དེ་སྔ་འདི་གར་ངལ་གསོ་དཀའ་བ་དང་ཁ་ལག་ཟ་དཀའ་བ་སོགས་ཀྱི་དཀའ་གནད་མང་པོ་ཡོད།
“ཀྲན་ཀྲང་གཉིས་ཀྱི་ལམ་ལུགས”ལག་ལེན་བསྟར་འགོ་བཙུགས་རྗེས་གནད་དོན་དེར་འགྱུར་ལྡོག་འགྲོ་འགོ་ཚུགས། ཁྲའོ་དབྱང་ཆུས་ཀྱིས་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་པ་དང་། ཁེ་ལས་ཀྱི་ལས་གཉེར་ས་ཚིགས་ཀྱི་ཀྲན་ཀྲང་གིས་མིར་དོ་དམ་དང་རེ་ཞུ་མཐིལ་རྟོགས་བྱས་པ་དང་། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ལས་གཉེར་ས་ཚིགས་ཁོངས་གཏོགས་ཀྱི་ཀྲན་ཀྲང་གི་འགན་གཅིག་ལྕོགས་ཁུར་ནས་བསམ་བློའི་སློབ་གསོ་གཏོང་བ་མ་ཟད། ཐོན་ཁུངས་འབྲེལ་མཐུད་ཀྱང་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀྱིས་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་དང་ཆ་འཕྲིན་སྤེལ་རེས་བྱས་ནས་གཉིས་ཀས་ནུས་ཤུགས་འདོན་གྱི་ཡོད།
ཀྲང་ཏའེ་ལེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་ལས་གཉེར་ས་ཚིགས་ཀྱི་མྱུར་སྐྱེལ་ཕོ་གསར་ཚོས་གཞིས་ལུས་རྒན་རྒོན་ལ་འོས་འགན་བཟའ་བཅའ་ཐེངས་8600ལྷག་ཙམ་བསྐྱལ་ཡོད།
ད་བར་ཁྲའོ་དབྱང་ཆུས་ཀྱི་མྱུར་སྐྱེལ་ལས་གཉེར་ས་ཚིགས་400ལྷག་ཙམ་གྱིས“ཀྲན་ཀྲང་གཉིས”ཀྱི་མི་སྣ་690ལྷག་ཙམ་མངགས་པ་དང་རིམ་རྩིས་བརྒྱབ་ན་རེ་ཞུ་སྣ་ཚོགས་800ལྷག་ཙམ་དང་ལེན་བྱས་ཡོད།
ཐབས་འདོན་ཇུས་འབུལ་གྱིས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
བྲང་ཁར་བཏགས་པའི་ཏང་རྟགས་དེ་མོས་འདེམས་ཚོགས་པའི་ལས་གོས་ཐོག་དེ་བས་མངོན་གསལ་དོད། འགན་འཁྲི་སྒྲུབ་པའི་སྐོར་གླེང་སྐབས། པེ་ཅིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་90ནང་སྐྱེས་ཀྱི་མངགས་སྐྱེལ་བ་ཀའོ་ཧྥུང་གིས“ལས་ཞུགས་གསར་པའི་ཚོགས་སྤྱིའི་དོན་དུ་བསམ་འཆར་བཏོན་ཡོད་ལ་གྲོང་ཁྱེར་བཅོས་སྐྱོང་ཐད་གྲོས་འགོ་ཡང་བཏོན་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།
མོས་འདེམས་ཚོགས་པའི་707མངགས་སྐྱེལ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀའོ་ཧྥུང་གིས་བསྐུར་མ་དུས་ཐོག་ཏུ་སྐྱེལ་ཚད་99.8%ཟིན་པ་དང་སྐུ་མགྲོན་གྱི་བློ་ཡིད་ཚིམ་ཚད་100%ཟིན་གྱི་ཡོད།
འདི་ལོའི་པེ་ཅིང་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་སྔ་ནུབ་ཏུ་ཀའོ་ཧྥུང་གིས་རང་གནས་སའི་ཏང་ཀྲི་པུའུ་རུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་བསམ་འཆར་བསྡུ་ལེན་བྱས་ཤིང་། ཁུལ་ཆུང་རྙིང་པའི་ཐོག་ཁང་གི་ཨང་རྟགས་ཆ་ཚང་གསབ་པ་དང་། ཁྲོམ་གཞུང་དང་སྤྲིན་ཟམ་དུ་འགྲོ་བདེའི་གྱེན་ལམ་བཟོ་བ། ལས་ཞུགས་གསར་པའི་ཚོགས་སྤྱིའི་བོགས་གཏོང་ཁང་པ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་འཐབ་ས་དང་པོའི་གྲོས་འགོ་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་ཐོག་བཏོན་པ་དང་། དེ་དག་བྱ་ཐབས་ཏན་ཏིག་ལ་བསྒྱུར་ཏེ་རིམ་པ་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱས་ཡོད།
རྒྱ་ཆེའི་ལས་ཞུགས་གསར་པའི་ཚོགས་སྤྱི་པེ་ཅིང་གི་གཞི་རིམ་དང་སྤྱི་ཚོགས་བཅོས་སྐྱོང་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། 2025ལོར་པེ་ཅིང་གིས་མྱུར་སྐྱེལ་བ་2300ལྷག་ཙམ་མཛའ་མཐུན་ལྗོངས་རྣམ་བསྐྲུན་པའི་ནང་ཞུགས་པར་སྐུལ་འདེད་བཏང་བ་དང་། མྱུར་སྐྱེལ་བ་4000ལྷག་ཙམ་གྱིས་སྐོར་སྐྱོད“ཤེས་དཔལ་དྲིལ་བསྒྲགས་པའི”འགན་ཁུར་ནས་ཤེས་དཔལ་གྲོང་ཁུལ་གཏོད་པ་སོགས་ཀྱི་དང་བླངས་ཞབས་ཞུའི་ནང་ཞུགས་ཏེ། གྲོང་མི་མི་ཐེངས་6000ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།
པེ་ཅིང་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཤིང་ཧྭ་ཡིས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་ཞབས་ཞུ་དོ་དམ་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། ལག་ལེན་ཁྲོད་ལས་ཞུགས་གསར་པའི་ཚོགས་སྤྱིའི་ལེགས་ཆ་སྔོག་འདོན་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཆེས་ཆེ་གྲས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་མཐུན་ཆ་ཆེ་ཤོས་ཀྱི་འཆར་གཞི་འགོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།