དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དར་རྒྱས་ལམ་བུའི་སྣེ་ཁྲིད་པ། མང་ཚོགས་གམ་གྱི་མིག་དཔེ་བ།

    ​—— ལྗོངས་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ་དང་ཁྲེང་ཀོན་ཆུས་འོད་པ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཉི་མའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-09

    ཆ་སྙོམས་ས་བབ་སྨི་4000ཟིན་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་འོད་པ་གྲོང་ཚོའི་ཡུལ་མི་ཚོས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཉི་མར་མཛའ་བརྩེའི་ངང“ང་ཚོའི་སྲོག་ཤིང”ཞེས་འབོད་ཀྱི་ཡོད། ལོ་45ལ་སླེབས་པའི་གཞི་རིམ་གྱི་ལས་བྱེད་པ་ཁོང་2013ལོའི་ཟླ་དང་པོར་འོད་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ལས་ཀར་སླེབས་པ་དང་། 2017ལོའི་ཟླ་10པར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ནས་ལོ་བཅུ་ལྷག་ཙམ་སོང་རིང་། “ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲིད་སྟོན་བྱེད”ཅེས་པ་འོད་པ་གྲོང་ཚོའི་ས་ཆ་གང་སར་ཁྱབ་པར་བྱས་ཡོད།

    འོད་པ་གྲོང་ཚོར་སྐྱོད་སྐབས་སྣུམ་ནག་ལམ་རྒྱ་ཆེ་ཞིང་ཁོད་སྙོམས་པ་དང་བོད་བཟོའི་སྡོད་ཁང་གསར་པ་རིམ་པ་སྟར་ཆགས་སུ་གནས་ཡོད། ཡིན་ནའང་2013ལོར་ཉི་མ་གྲོང་ཚོ་དེ་གར་སླེབས་སྐབས་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་འབབ་འཕར་ཐབས་ལམ་སྣ་གཅིག་གི་གྲོང་ཚོ་ཞིག་རེད།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཤིན་ཏུ་ཉམས་ཞན་ཡིན་པས་ཉི་མས་གཞི་རིམ་ལས་བྱེད་པ་ཞིག་གི་སེམས་ནུས་ཡོད་ཚད་འདོན་རྒྱུའི་སེམས་ཐག་བཅད། ཁོང་གིས“སྐད་ཆ་སྟོང་པ་མང་པོ་ཤོད་པ་ལས་བྱ་བ་བཟང་པོ་མང་ཙམ་བསྒྲུབས་ན་དགའ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས་ན། ཐོན་ཁུངས་རྒྱུ་ནོར་ལ་འགྱུར་བ་བྱེད་དགོས”ཞེས་རྟག་ཏུ་ཤོད་ཀྱི་ཡོད། ཁོང་གིས་ཚང་མའི་སྣེ་ཁྲིད་ནས་ཚོང་འགུགས་མ་འདྲེན་བྱས་ཤིང་། བོད་ལྗོངས་པའེ་ཅིང་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཁྱད་ལྡན་སྤུས་རྟགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་ཡོད།

    ས་ཆ་ནང་བཤུག་བཏང་བའི་ཡུལ་མིའི་སེམས་ཁྲལ་སེལ་ཆེད། ཉི་མས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་ནས་ཁྱིམ་དུད་རེ་རེ་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཚང་མར་དཔལ་འབྱོར་གྱི་རྩིས་གསལ་པོ་བརྒྱབ་ཡོད།

    2023ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་ནས་ཡུལ་མིའི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།

    ཉི་མའི་གཞུང་ལས་ཁང་གི་སྒྲོག་ཙེའི་སྟེང་མང་ཚོགས་ཀྱི་གནས་ཚུལ་ཐོ་བཀོད་ཀྱི་དེབ་མཐུག་པོ་གཅིག་ཡོད་པ་དེའི་ནང་ཡུལ་མི་ཚོས་གོང་ཞུ་བྱས་པའི་གནད་དོན་སྣ་ཚོགས་ཞིབ་ཚགས་པོས་བཀོད་ཡོད། 2023ལོའི་གོང་འོད་པ་གྲོང་ཚོའི་ཞིང་ཁ་ཁ་ཤས་ལ་ཆུ་འདྲེན་དཀའ་བ་དང་ཆར་དུས་སུ་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད།

    སྐབས་དེ་དུས་ཁོང་གིས་ལས་ཡུལ་དངོས་སུ་ངོ་གདོང་ནག་པོ་ཆགས་ཆགས་དང་ལག་མཐིལ་དམར་པོ་མ་ཆགས་བར་ལས་ཀ་བྱས་ཤིང་། མཐར་ཞིང་ཁ་མུའུ་289སྒྱུར་བཀོད་བྱས་པ་དང་། གླིང་འཛོམས་ཚོགས་ཆུང་གི་ཆུ་ཡུར་སྨི་1000ལྷག་ཙམ་ཉམས་བཟོ་བྱས་པ། ཆུ་གསོག་རྫིང་བུ་དང་འབྲུབ་འགོག་ཆུ་རགས་བརྒྱབ་པ་བཅས་བྱས་པས། གནམ་ཆུར་བརྟེན་ནས་འཚོ་བ་སྐྱེལ་བའི་རྣམ་པར་རྦད་དེ་འགྱུར་ལྡོག་བཏང་ཡོད།

    2023ལོ་ནས་བཟུང་། ཁོང་གིས་ཚན་ཁག་གི་སྣེ་ཁྲིད་ནས“ཐོ་འགོད་གཉིས་དང་སྐར་གསོག་གཉིས”ཀྱི་ལས་སྟེགས་བརྒྱུད། མང་ཚོགས་ཀྱི་བསམ་འདུན་ཆུང་ངུ་ཁག་20ལྷག་ཙམ་བསྒྲུབས་པ་དང་། གླ་ཆ་འགྱངས་ཆད་དང་ཁྱིམ་ཚང་གི་གཉེན་སྒྲིག་སོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁག་5འདུམ་འགྲིག་བྱས་ཏེ“དོན་ཆུང་གྲོང་ཚོར་ཐག་གཅོད་ཐུབ་པ་དང་འགལ་ཟླ་གོང་ཞུ་མི་བྱེད་པ”དངོས་འབྲེལ་ཐུབ་པར་བྱས་ཡོད།

    ས་སྐྱེས་རྡོ་སྐྱེས་ཀྱི་གཞི་རིམ་ལས་བྱེད་པ་ཉི་མས་གཞི་རིམ་བཅོས་སྐྱོང་བྱེད་པར་ཁྲིམས་སྐྱོང་ལ་བརྟེན་དགོས་པ་མ་ཟད། ཚུལ་བཞིན་སྐྱོང་དགོས་པའང་གསལ་པོ་ཤེས་ཀྱི་ཡོད། ཁོང་གིས་སྣེ་ཁྲིད་ནས《འོད་པ་གྲོང་ཚོའི་གྲོང་སྲོལ་དམངས་ཆིངས་ཀྱི་ལག་བསྟར་ཞིབ་སྲོལ》ཁག་10ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཞིང་། ཁོར་ཡུག་འཕྲོད་བསྟེན་དང་། ལྷོ་རི་བྱང་རིའི་ཕྱུགས་བཀག་སྐོར་ཞིབ། དང་བླངས་ཞབས་ཞུ་བཅས་ཚང་མ“གྲོང་གསེབ་ཀྱི་སྐར་གསོག་ལམ་ལུགས”ཀྱི་དོ་དམ་ནང་བཅུག་ཡོད།

    ད་ལོའི་ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་རིང་། ཁོང་གིས་ཚང་མའི་སྣེ་ཁྲིད་ནས་གད་རྒྱག་པ་དང་། ཁྱིམ་དུད་རེ་རེ་ནས་མི་གཅིག་ཞུགས་དགོས་པའི་སྐུལ་སློང་བྱས་ཤིང་། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་600ལྷག་ཙམ་སྐུལ་སློང་བྱས་ནས་གད་སྙིགས་ཏུན་50ལྷག་ཙམ་གཙང་སེལ་བྱས་པ་དང་གང་བྱུང་དུ་བསྐྲུན་པའི་ཁང་པ་དག་བཤིག་ཡོད།

    “དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”ནས“རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”བར་དང་། 2025ལོར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་པའི་བར། ཉི་མའི་སྒྲོག་ཙེའི་སྟེང་དུ་བསྒྲིགས་པའི་གཟི་བརྗིད་ལག་ཁྱེར་ཇེ་མང་དུ་ཕྱིན་པ་དང་ད་ལོ་སླར་ཡང“ལྗོངས་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པའི”མཚན་སྙན་ཐོབ་ཡོད། ཁོང་གིས་རྟག་ཏུ་གཟི་བརྗིད་དེ་དག་ནི་མཉམ་སྡེབ་ཀྱི་འབད་བརྩོན་བརྒྱུད་ཐོབ་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།