སྐྱིད་གྲོང་དུ་སྡོད་རིང་གི་དྲོ་སྐྱིད་ཚོར་བའི་སྐད་ཅིག་མ་རེ་རེ།
སྐྱིད་གྲོང་གི“8·26”ཆུ་རུད་གནོད་འཚེ་ཐོན་ཚུན། འདི་ག་ཚགས་པར་གྱི་གསར་འགོད་པ་འཕྲལ་དུ་ས་ཡུལ་དངོས་ལ་སྐྱོད་པ་དང་དེ་ག་ནས་ཁ་བྲལ་མེད། ང་ཚོས་འདི་ནས་རི་ཀླུང་གི་གོད་ཆག་དང་མི་སེམས་ཀྱི་རྨ་ཁ་རིག་ཐུབ་ལ། མི་གཤིས་ཀྱི་འོད་མདངས་དང་ཞུམ་མེད་ཀྱི་སྟོབས་ཤུགས་དེ་བས་ཀྱང་མཐོང་ཐུབ། དྲོ་སྐྱིད་ཚོར་བའི་སྐད་ཅིག་མ་རེ་རེ་ཟིན་ཐོར་བཀོད་ཅིང་། སྐད་ཅིག་མ་དེ་དག་ཁྲོད་གེགས་བར་གྱི་རྗེས་ཤུལ་ཡོད་ལ། འཛད་མཐའ་མེད་པའི་རེ་བའང་ཡོད། དེ་ནི་ང་ཚོ་མི་སྒེར་གྱི་དྲན་ཤེས་རེད་ལ། དུས་རབས་འདིའི་དྲན་ཤེས་ཀྱི་ཆ་ཤས་ཤིག་ཀྱང་རེད།
ལྟོ་ཆས་ཚ་པོ་ཞིག་གི་སྤྲོ་སྣང་།
ཟླ་8ཚེས་27ཉིན་གྱི་ཉིན་དགུང་། སྐྱིད་གྲོང་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ནས་ངས་སྒོ་རའི་ནང་བཞག་པའི་གེགས་ཁུལ་ལ་རོགས་སྐྱོར་བྱེད་མཁན་དིང་རི་རྫོང་གི་བཟའ་བཏུང་རླངས་འཁོར་ཞིག་མཐོང་བྱུང་། རླངས་འཁོར་ནང་མི་ཁ་ཤས་ཀྱིས་བྲེལ་བརྩོན་ཆེན་པོས་འབྲས་དང་ཚལ་འཁྲུ་བ་དང་ཚལ་གཏུབ་པ་སོགས་བྱེད་བཞིན་འདུག
མདུན་དུ་སོང་ནས་སྐད་ཆ་དྲིས་རྗེས། ཁོང་ཚོ་ནི་དིང་རི་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་པ་ཡིན་པ་ཤེས་བྱུང་། སྐྱིད་གྲོང་འགག་སྒོའི་གནོད་འཚེའི་གནས་ཚུལ་ཤེས་རྗེས། དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་ལས་དོན་མི་སྣ་7ལས་གྲུབ་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་ཁག་བཀོད་སྒྲིག་བྱས་ནས་སྐྱིད་གྲོང་དུ་བཏང་ཡོད།
“དིང་རི”ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱིས་ངའི་དྲན་ཤེས་དེ་མ་ཉིད་དུ་2025ལོའི་ལོ་འགོའི་དིང་རིའི་6.8རིམ་པའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་བྱ་ཡུལ་དུ་བཀུག་ཅིང་། ལས་རིགས་ཁག་གིས་དིང་རིར་རོགས་སྐྱོར་བྱེད་པའི་རྣམ་པ་དེ་ད་ལྟའང་མིག་ལམ་དུ་གསལ་ལྷམ་མེར་མངོན་ཡོང་གི་འདུག ད་རེས་ཀྱི་དཀའ་ཉེན་ཁྲོད་དེ་སྔ་རོགས་རམ་ཐོབ་མཁན་གྱིས་ཀྱང་གཞན་ལ་རོགས་པ་བྱེད་པའི་ལག་ཟུང་བརྐྱངས། “ང་ཚོར་ཡང་གནོད་འཚེ་ཕོག་མྱོང་ཡོད་པས་གེགས་ཁུལ་ལ་དགོས་མཁོ་ཆེ་ཤོས་ག་རེ་ཡིན་མིན་གསལ་པོ་ཤེས་ཀྱི་ཡོད། ང་ཚོས་ལྟོ་ཆས་སྟབས་བདེ་རེ་བཟོས་ནས་དགོས་མཁོ་ཡོད་པའི་མི་རྣམས་ལ་ཕན་པ་རེ་ཐོབ་ན་བསམ་གྱི་འདུག”ཅེས་དིང་རི་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ལག་ཐོག་གི་ལས་མཚམས་མི་བཞག་པར་དེ་ལྟར་བཤད།
དུས་ཚོད་འདི་འདྲ་ཞིག་ལ་གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་དང་གེགས་སེལ་མི་སྣར་ལྟོ་ཆས་ཚ་པོ་རེ་བཟོ་ཐུབ་ན་དེ་ནི་མི་སེམས་ལ་དྲོ་སྐྱིད་ཆེ་ཤོས་སྦྱིན་པའི་བྱ་བ་ཞིག་རེད། ཁོང་ཚོས་ཀྱང་སེམས་འགུལ་ཐེབས་པའི་ལྟོ་ཆས་ཚ་པོ་དེ་ནམ་ཡང་བརྗེད་མི་སྲིད།
ཡུལ་དངོས་སུ་འབྱོར་བའི་དོན་སྙིང་།
མིག་མདུན་དུ་འཆར་བ་ནི་སྔ་ས་ནས་ཤུལ་མེད་དུ་གྱུར་ཟིན་པའི་ས་ཆ་ཡིན་ཞིང་། ཤིང་སྡོང་རྣམས་གང་སར་འགྱེལ་བ་དང་། སྔོ་ཐིང་ངེར་གནས་དགོས་པའི་ལོ་འདབ་དག་ཀྱང་སྐྱ་ཐེར་རེར་བཏང་འདུག འཁྱིལ་མཚོའི་ས་ཡུལ་དངོས་ནས་སྣང་ཚུལ་དེ་དག་མཐོང་སྐབས་ཚེ་སྲོག་ནི་ཧ་ཅང་ཉམས་ཆུང་ཡིན་པ་ཚོར་སྣང་བྱུང་།
ཟླ་8ཚེས་28ཉིན། ང་ཚོ་རླངས་འཁོར་ལ་བསྡད་དེ་ཀོ་པ་གྲོང་ཚོར་ཡོང་བ་དང་གཞུང་ལམ་གྱི་མཇུག་མཐར་སླེབས་རྗེས་རླངས་འཁོར་ལས་བབས་ཏེ་རྐང་ཐང་མར་འཁྱིལ་མཚོ་ཡོད་སར་བསྐྱོད་པ་ཡིན། ཉིན་དགུང་ཆུ་ཚོད་དང་པོ་ཙམ་ལ་གཞི་ནས་འཁྱིལ་མཚོའི་འགྲམ་དུ་འབྱོར་བ་དང་མིག་མདུན་གྱི་རྣམ་པ་མཐོང་སྐབས་ཧང་སངས་པར་གྱུར།
འཁྱིལ་མཚོའི་བརྙན་པར་གསར་ཤོས་པར་བརྒྱབ་ཟིན་ནའང་འཕྲིན་གཏོང་བརྡ་རྟགས་ཡག་པོ་མེད་པས་གཏོང་མ་ཐུབ་པར་ལུས། མཐར་ས་སྲོད་ཀྱི་ཆུ་ཚོད་དྲུག་པ་ལྷག་ཙམ་ལ་ཀོ་པ་གྲོང་ཚོར་འབྱོར་རྗེས་གཞི་ནས་བརྙན་པར་དེ་དག་བསྐུར་ཐུབ་བྱུང་།
ཕྱིར་ལོག་པའི་ལམ་བར་དུ་ངས་འབྲེལ་ཡོད་རིགས་གཅིག་མཁས་ཅན་ལ་བཅར་འདྲི་ཞུས་རྗེས་འཕྲལ་མ་ཉིད་དུ་ཞིབ་འཇུག་བརྡར་གཅོད་ཀྱི་བསྡོམས་ཚིག་གསར་ཤོས་བརྒྱུད་བསྐུར་བྱས་ཏེ། དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་སྤྱི་དམངས་ཀྱིས་ཆུ་རུད་ཀྱི་གནོད་འཚེའི་འབྱུང་ཁུངས་དང་འཁྱིལ་མཚོའི་ཉེན་ཁའི་ཆ་འཕྲིན་ལ་དོ་ཁུར་བྱས་པར་ལན་བཏབ་པ་ཡིན།
དེ་ཉིན་རྐང་པ་ན་བ་དང་སེམས་སུ་དངངས་སྐྲག་ཆེན་པོ་བྱུང་།
འོན་ཀྱང་གལ་ཏེ་ཡང་བསྐྱར་གདམ་ག་བྱེད་དགོས་ཚེ་ངས་སྔར་བཞིན་གོམ་པ་དེ་སྤོ་ངེས་ཡིན། དེ་གར་བསྐྱོད་ནས་པར་རིས་གསལ་ལ་མི་གསལ་ཞིག་ལས་རྒྱག་མ་ཐུབ་ནའང་མང་ཚོགས་ཚོར་འདི་གར་ཅི་ཞིག་བྱུང་བ་ཤེས་སུ་འཇུག་གི་ཡིན།
ང་ཚོ་ཚང་མ་ལྡོག་སྐྱོད་པ་ཡིན།
ཟླ་8ཚེས་28ཉིན། ས་ལེ་ཤང་ལ་བི་གྲོང་ཚོ་ནས་སྐྱིད་གྲོང་འགག་སྒོར་སྐྱོད་སའི“ལམ”གསར་པ་ཞིག་གཏོད་སྐབས་ཉེན་ཁ་རྒྱུན་ཆད་མེད་པར་འཕྲད། ནགས་ཚལ་སྟུག་པོའི་ཁྲོད་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་གཟར་དུ་དང“ལམ”དེ་ཙམ་གྱིས་གུ་དོག་ཏུ་འགྲོ་ཞིང་། སྤྱིར་ན་རི་སྐེད་ནས་འཕྲེད་བརྒལ་དུ་འགྲོ་དགོས་སྟབས་གཞོགས་གཅིག་ནི་ཐུར་གཟར་པོ་དང་གཞོགས་གཞན་དེ་ནི་གཏིང་མཐའ་མི་མངོན་པའི་སྡོང་གླིང་གཙང་པོའི་རོང་ཆེན་ཡིན་པས། རྩྭ་ཡན་དང་། སྡོང་ཕྲན། ཐ་ན་ཚེར་མ་ཡན་ཆད་ལག་པར་གང་ཐེབས་བཟུང་ནས་འགྲོ་རྒྱུ་ལས་མ་འདས། གོམ་པ་རེ་རེ་གཟབ་གཟབ་ངང་སྤོ་དགོས་ཤིང་། ལྷོད་གཡེང་ཕྲན་ཙམ་ཤོར་ན་གཡང་དུ་ལྷུང་བའི་ཉེན་ཁ་ཆེ།
མེ་གསོད་རུ་མི་ཚེ་རིང་དར་རྒྱས་ཀྱིས་ལྗིད་ཚད་རྒྱ་མ་བཅུ་ཕྲག་ཁ་ཤས་ཡོད་པའི་ཚེ་སྲོག་བརྟག་ཆས་ཁུར་ནས་གཡང་གཟར་བའི་རི་ལམ་དུ་ཆུ་ཚོད་10ལྷག་ཙམ་བསྐྱོད་ཀྱང་འཁང་ར་ཚིག་གཅིག་མི་བྱེད་ལ་ཕྱིར་བཤོལ་བྱེད་པའི་བསམ་པ་ཡང་སྤུ་ཙམ་མིན་འདུག སྐབས་དེ་དུས་གློ་བུར་དུ་ངས་མེ་གསོད་རུ་མི་དང་གསར་འགོད་པ་གཉིས་ཀ་དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན་ལྡོག་སྐྱོད་པ་གཅིག་མཚུངས་ཡིན་པ་ཤེས་བྱུང་། གནོད་འཚེ་ཐོན་སྐབས་ང་ཚོ་ཚང་མས་མདུན་དུ་སྐྱོད་བཞིན་ཡོད་ཅིང་། གཅིག་གིས་ཉེན་ཁར་མ་འཛེམས་པར་ཚེ་སྲོག་སྐྱོབ་ཀྱི་ཡོད་པ་དང་། གཅིག་ཤོས་ཀྱིས་པར་ཆས་དང་ཡི་གེར་བརྟེན་ནས་གནོད་འཚེའི་གནས་ཚུལ་ཟིན་ཐོར་འགོད་པ་དང་བདེན་དོན་སྐྱེ་བོའི་མིག་ལམ་དུ་བཤམས་ཀྱི་ཡོད། ང་ཚོའི་དམིགས་ཡུལ་མི་འདྲ་ཡང་ཁ་ཕྱོགས་གཅིག་པ་ཡིན།
འབྲེལ་ཡོད་གསར་འགྱུར།