དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྱིམ་དུ་ལོག་པ།

    ​—— སྐྱིད་གྲོང་རྫོང་ས་ལེ་ཤང་གི་གནོད་འཚེ་ཕོག་པའི་མང་ཚོགས་327ཚང་མ་བདེ་མ་ཐང་མར་རང་ཁྱིམ་དུ་ལོག་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-09


    འདི་ནི་ས་ལེ་ཤང་ཀོ་པ་གྲོང་ཚོའི་ཡུལ་མི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་ནས་ཁ་བྲལ་ཏེ་དགའ་ཚོར་ཆེན་པོས་ཁྱིམ་དུ་ལོག་བཞིན་པ།

    ཟླ་9ཚེས་7ཉིན། སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ས་ལེ་ཤང་གི་བཀོད་སྒྲིག་བྱ་ཡུལ་ཏེ་གནས་མཇལ་བའི་ཨར་ཁང་དུ་ཀོ་པ་གྲོང་ཚོའི་ཡུལ་མི་ཚོས་སྔ་ས་ནས་ཅ་དངོས་བསྡུ་གསོག་བརྒྱབ་སྟེ་རིམ་པ་ལྟར་ཁྱིམ་དུ་ལོག་པའི་རླངས་འཁོར་ནང་འཛུལ།

    ཟླ་8ཚེས་27ཉིན། སྐྱིད་གྲོང་དུ་ཆུ་རུད་གནོད་འཚེ་ཕོག་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་ཆེད། ས་ལེ་ཤང་གིས་འཕྲལ་མ་ཉིད་དུ་ཉེན་ཡོད་ས་ཁོངས་ཀྱི་མང་ཚོགས་ཛ་དྲག་ངང་གནས་སྤོས་བྱས་ཏེ་གྱེས་ཕུག་གྲོང་ཚོ་དང་གནས་མཇལ་བའི་ཨར་ཁང་དུ་བཀོད་སྒྲིག་བྱས་ནས་གནས་སྐབས་བཀོད་སྒྲིག་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད། མིག་སྔར། ཁོངས་གཏོགས་ཁུལ་གྱི་ས་གཤིས་ཉེན་ཁ་བསལ་བས་མང་ཚོགས་བདེ་མ་ཐང་མར་རང་ཁྱིམ་དུ་ལོག་པའི་ཆ་རྐྱེན་འཛོམས་ཡོད་པ་རེད།

    གྲ་སྒྲིག་ཨང་གསར་བྱས་ནས་རང་ཁྱིམ་དུ་ལོག་རྒྱུའི་རེ་སྒུག་ཆེན་པོ་བྱེད་པ།

    ཟླ་9ཚེས་7ཉིན་གྱི་སྔ་དྲོ། གྱེས་ཕུག་གྲོང་ཚོར་བཀོད་སྒྲིག་བྱས་པའི་མང་ཚོགས་རྣམས་སྔོན་ལ་ལ་པི་གྲོང་ཚོ་དང་སེར་ཆུང་གྲོང་ཚོར་ལོག

    ཕྱི་དྲོ་གནས་མཇལ་བའི་ཨར་ཁང་གི་ས་ལེ་ཤང་བཀོད་སྒྲིག་བྱ་ཡུལ་གྱི་ཀོ་པ་གྲོང་ཚོའི་ཡུལ་མི་ཚོས་ཅ་ལག་བསྡུ་གསོག་བརྒྱབ་ནས་ཁྱིམ་དུ་ལོག་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། མང་ཚོགས་ཁག་མཇུག་ཤོས་རྣམས་ཀྱང་བདེ་མ་ཐང་མར་ཕྱིར་ལོག་པ་དང་བསྟུན་ནས་ས་ལེ་ཤང་གི་ལ་པི་དང་། སེར་ཆུང་། ཀོ་པ་བཅས་གྲོང་ཚོ་གསུམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་327ཚང་མ་བདེ་མ་ཐང་མར་ཁྱིམ་དུ་ལོག་པ་རེད།

    ད་ལོ་ལོ་68ལ་སླེབས་པའི་ཀོ་པ་གྲོང་ཚོའི་ཡུལ་མི་རྒྱ་ལུ་དང་ཁོང་གི་གཉེན་ཉེ་དང་གྲོང་པ་ཁྱིམ་མཚེས་བཅས་བཀོད་སྒྲིག་ཁང་པ་གཅིག་གི་ནང་འཆམ་མཐུན་ངང་འཚོ་བ་བསྐྱལ། ཁ་གྱེས་སྐབས་ཁོང་གིས་སྤྲོ་སེམས་འཁོལ་བའི་ངང་གསར་འགོད་པར་རང་ཉིད་ཀྱིས་བསྡུ་གསོག་བརྒྱབ་པའི་ཅ་ལག་བསྟན་པ་དང་། དེའི་ནང་མང་ཆེ་བ་ནི་ཁོང་གིས་གྲོང་རྡལ་ནས་ཉོས་པའི་བཟའ་བཅའ་སྣ་ཚོགས་ཡིན་པ་ཕུད་ད་དུང་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཀྱང་ཡོད་པ་དེ་དག་གྲལ་སྟར་འགྲིག་པོས་བསྡུ་གསོག་ཡག་པོ་བརྒྱབ་ཡོད།

    རང་ཁྱིམ་དུ་ལོག་རྒྱུའི་སྐོར་གླེང་སྐབས་རྒྱ་ལུ་ཡིས་འཛུམ་དམུལ་དམུལ་ངང་གསར་འགོད་པར“བཀོད་སྒྲིག་བྱ་ཡུལ་དུ་ཟ་སྡོད་ཚང་མ་ཡག་པོ་འདུག་ལ་ལས་བྱེད་པ་ཚོས་ང་ཚོར་ལྟ་རྟོག་ཡག་པོ་བྱེད་ཀྱི་འདུག འོན་ཀྱང་ད་དུང་ཁྱིམ་དྲན་གྱི་འདུག དེ་རིང་རང་ཁྱིམ་ལ་ལོག་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང”ཞེས་བཤད།

    ཁྱིམ་དུ་ལོག་རྗེས་ཀྱི་འཆར་གཞིའི་སྐོར་གླེང་སྐབས་རྒྱ་ལུ་དང་ཉེ་འགྲམ་གྱི་ཁྱིམ་མཚེས་ཁ་ཤས་ཀྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར“ཕྱིར་ལོག་རྗེས་སྔོན་ལ་ཞིང་ནང་དུ་ལོ་ཏོག་ལ་ལྟ་བ་དང་ཞིང་ཁར་གཡོག་བྱེད་བྱེད་ཀྱི་ཡིན”ཞེས་བཤད།

    ཨར་ཁང་གི་སྒོ་འགྲམ་དུ་ཡུལ་མི་ཚོས་བང་བསྒྲིགས་ནས་རླངས་འཁོར་སྒུག་བཞིན་ཡོད་ཅིང་། ཡུལ་མི་བུ་ཆུང་གིས་ཚ་བོ་ཉར་ནས་གནས་མཇལ་བའི་ཨར་ཁང་དུ་བསྡད་པ་དང་ཉེ་དུས་ཀྱི་བཀོད་སྒྲིག་འཚོ་བའི་སྐོར་གླེང་སྐབས་བུ་ཆུང་གིས་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད།

    བུ་ཆུང་གིས“འདི་གར་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད་པ་མ་ཟད་ཨར་ཁང་གི་གོང་འོག་ཚང་མར་གློག་སྐས་ཡོད་པས་སྟབས་བདེ་པོ་འདུག”ཅེས་བཤད་པ་དང་བཀོད་སྒྲིག་བྱེད་རིང་། པེ་ཅིང་ཉི་འོད་གསར་པ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི་སེམས་ཁམས་བློ་འདྲི་བ་ཉི་མ་ལྷ་མོས་བརྒྱུད་རིམ་ཧྲིལ་པོར་རོགས་རམ་དང་སེམས་ཁུར་ཞབས་ཞུ་བྱས་ཤིང་། ཕྲུ་གུ་དང་མཉམ་དུ་རྩེད་མོ་རྩེ་བ་དང་ཕྲུ་གུའི་འཚོ་བར་ལྟ་རྟོག་བྱས་པས་ཁོང་གི་སེམས་པ་ལྷོད་ལ་བབ་ཡོད་པ་རེད།

    དར་དམར་གྱིས་ལམ་སྣེ་ཁྲིད་དེ་ལམ་བར་དུ་གཡས་གཞོགས་གཡོན་འདེགས་བྱས་པ།

    ཆུ་ཚོད་17དང་སྐར་མ་15ལ། ཀོ་པ་གྲོང་ཚོའི་ཕ་ཡུལ་དུ་ལོག་པའི་རླངས་འཁོར་རུ་ཁག་དངོས་སུ་ཐོན་ཞིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་45ཡོད་པ་དང་། རི་ཁྲོད་དུ་སྨུག་པས་ཁེངས་པ་དང་འགྲོ་ལམ་བདེ་པོ་མེད་པས་རླངས་འཁོར་རུ་ཁག་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་འགོར་ནས་ཆུ་ཚོད་18དང་སྐར་མ་40ལ་ཀོ་པ་གྲོང་ཚོར་འབྱོར་ཡོད། རླངས་འཁོར་རུ་ཁག་གི་མདུན་ཕྱོགས་སུ་སྤྱི་བདེའི་མི་དམངས་ཉེན་རྟོག་པས་ལམ་བཤངས་པ་དང་རྒྱབ་ཕྱོགས་སུ་སྨན་བཅོས་འགན་ལེན་ཚོགས་ཆུང་བཀོད་སྒྲིག་བྱས་ཏེ་མང་ཚོགས་སྲུང་སྐྱེལ་བྱས་པ་རེད།

    ཕ་ཡུལ་དུ་ལོག་པའི་ལམ་བར་གྱི་རྣམ་པ་ནི་མི་སེམས་འགུལ་བ་ཞིག་ཡོད་པ་སྟེ། རླངས་འཁོར་ཚང་མའི་མདུན་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བཙུགས་ཏེ་ལྷབ་ལྷུབ་ཏུ་གཡོ་བཞིན་གྲལ་སྟར་འགྲིག་པའི་རླངས་འཁོར་རུ་ཁག་མང་ཚོགས་ཀྱི་རེ་སྒུག་དང་འགྲོགས་ཏེ་དལ་བུར་ས་ལེ་ཤང་ཀོ་པ་གྲོང་ཚོའི་ཕྱོགས་སུ་བསྐྱོད།

    མང་ཚོགས་བདེ་མ་ཐང་མར་ཕྱིར་ལོག་ཐུབ་པ་དང་བློ་བདེ་པོའི་ངང་གནས་ཐུབ་པར་བྱ་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་ད་ཐེངས་ཀྱི་ཕ་ཡུལ་དུ་ལོག་པའི་ལས་དོན་ཧྲིལ་པོར་གཞོགས་འདེགས་བྱས་པ་རེད། སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་ཀྲེང་ཧུང་ཝུའེ་ཡིས་ད་ཐེངས་མང་ཚོགས་ཕ་ཡུལ་དུ་ལོག་པའི་བརྒྱུད་རིམ་ཧྲིལ་པོར་གོ་རིམ་ལྡན་པའི་ངང་འགན་ལེན་དང་སྲུང་སྐྱེལ་བྱས་པ་དང་ཆབས་ཅིག ཁྱིམ་ཚང་ཚང་མར་རྩམ་པ་དང་། འབྲས། ཕག་ཀྲིན་སོགས་ཉིན་གཉིས་ནས་གསུམ་བར་འདང་བའི་འཕྲལ་མཁོའི་འཚོ་བའི་དངོས་ཟོག་གྲ་སྒྲིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་བར་བརྒལ་གྱི་དུས་ཚོད་བདེ་ཐང་ངང་སྒྲོལ་ཐུབ་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    ཆར་པ་བབས་པ་དང་བསྟུན་ནས་གྲོང་ཚོ་ནས་འཚོ་བའི་ཉམས་སྣང་སླར་ཡང་མངོན་པ།

    ཕ་ཡུལ་དུ་ལོག་པའི་རླངས་འཁོར་རུ་ཁག་ཀོ་པ་གྲོང་ཚོར་འབྱོར་སྐབས་ཆར་པ་ཆེན་པོ་འབབ་བཞིན་ཡོད། གསར་འགོད་པས་ཤང་གི་ལས་བྱེད་པ་དང་། མི་དམངས་ཉེན་རྟོག་པ། གྲོང་ཚོའི“ཨུ་ལྷན་གཉིས”དང་དེ་བཞིན་གྲོང་སྡོད་ལས་དོན་རུ་མིས་སྟོད་གོས་དམར་པོ་གྱོན་ནས་གྲོང་ཚོ་ཨུ་ལྷན་གྱི་མདུན་དུ་བསྒུགས་ནས་བསྡད་ཡོད་པ་མཐོང་། རླངས་འཁོར་གྱི་ཁ་བཀག་རྗེས་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་རྡོག་ཁྲེས་ཕབ་ནས་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད། ལས་བྱེད་པ་ཚོས་དེ་འཕྲལ་ལས་བགོས་བརྒྱབ་སྟེ་ཁྱིམ་ཚང་མི་རེ་ངོ་རེར་བསྐྱོད་ནས་རྫོང་ནས་གཅིག་གྱུར་འཆར་འགོད་བྱས་པའི་བར་བརྒལ་གྱི་འཚོ་བའི་དངོས་ཟོག་སྤྲད་པ་རེད།

    དུད་ཚང་མང་པོའི་ཡུལ་མིའི་ཁྱིམ་དུ་སྐྱོད་སྐབས་ཁང་པའི་ནང་བྲེལ་འཚུབ་ཀྱིས་ཁེངས། ཚང་མས་ཁང་པར་གཙང་སྦྲ་བྱས་རྗེས་བཀོད་སྒྲིག་བྱ་ཡུལ་ནས་འཁྱེར་ཡོང་བའི་དངོས་པོ་དེ་དག་དབོར། ཐབ་ལ་མེ་བཏང་ནས་ཆུ་བསྐོལ་རྗེས་ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཇ་བསྲུབས་མ་བཟོས། ཁང་པའི་ཕྱི་རོལ་དུ་ཆར་པ་བབས་པའི་སྒྲ་ཤག་ཤག་ཏུ་གྲགས་པ་དང་ཁང་པའི་ནང་དུ་དྲོ་སོབ་སོབ་ཡོད་པས་ཁྱིམ་ཚང་ཚང་མ་ནས་ཉིན་མང་པོ་ཁ་བྲལ་རྗེས་ཀྱི་སྔར་སོང་གི་འཚོ་བའི་ཉམས་སྣང་སླར་ཡང་མངོན།

    ཛ་དྲག་ངང་ཉེན་ཁ་ལས་གཡོལ་བ་དང་དྲོ་སྐྱིད་ལྡན་པའི་ངང་བཀོད་སྒྲིག་བྱས་པ་ནས་བདེ་འཇགས་ངང་ཕ་ཡུལ་དུ་ལོག་པ་དང་། ལམ་བར་དུ་ལྟ་སྐྱོང་བྱེད་པ། ལམ་བར་དུ་དྲོ་སྐྱིད་ཚོར་བ་བཅས་ཀྱི་བར། ད་ཆ་ཁྱིམ་གཞིས་བདེ་འཇགས་དང་འཚོ་བའི་ཉམས་སྣང་བསྐྱར་དུ་མངོན་ཞིང་། ས་ལེ་ཤང་གི་ཡུལ་མི་ཚོས་རྒྱུན་གཏན་གྱི་སྐྱིད་སྣང་དོད་པའི་འཚོ་བ་སླར་ཡང་སྐྱེལ་འགོ་ཚུགས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།