ཀྲུང་ཁེར་ཨུ་ལྕགས་ལམ་གྱི་ཁེར་གྷི་སི་ཐན་མངའ་ཁོངས་ཀྱི་ཕུག་ལམ་དང་པོ་བདེ་བླག་ངང་ཏལ་འབིགས་ཐུབ་པ།
ཚེས་5ཉིན་གསར་འགོད་པར་ཀྲུང་ཁེར་ཨུ་ལྕགས་ལམ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་ཁེར་ཨུ་ལྕགས་ལམ་གྱི་ཁེར་གྷི་སི་ཐན་མངའ་ཁོངས་ཀྱི་ལམ་དུམ་ཁོ་ཧྲི་ཐེ་པོའི་བྱང་མའི་ཕུག་ལམ་2པ་ཉེ་ཆར་བདེ་བླག་ངང་ཏལ་འབིགས་ཐུབ་ཡོད། དེ་ནི་རྣམ་གྲངས་དེའི་ཁེར་གྷི་སི་ཐན་མངའ་ཁོངས་དུམ་བུར་ཏལ་འབིགས་ཐུབ་པའི་ཕུག་ལམ་ཐོག་མ་དེ་ཡིན་པ་དེ་ཐོག་ནས་ཀྲུང་ཁེར་ཨུ་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཡོད།
ཀྲུང་ཁེར་ཨུ་ལྕགས་ལམ་རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་ཟླ་6པར་ཀྲུང་ཁེར་ཨུ་ལྕགས་ལམ་གྱི་ཁེར་གྷི་སི་ཐན་མངའ་ཁོངས་ཀྱི་ལམ་ཐིག་ཧྲིལ་པོའི་ཨར་སྐྲུན་ལས་གྲྭ་འགོ་ཚུགས་ཚུན། ཕུག་ལམ་27སྐྲུན་འགོ་ཚུགས་པའི་ནང་ཕུག་ལམ་1ཏལ་འབིགས་ཐུབ་ཡོད་པ་དང་། ཟམ་པ་43དང་ལམ་གཞི་དུམ་བུ་88སྐྲུན་འགོ་ཚུགས་ཡོད། མེ་འཁོར་འབབ་ཚུགས་20ཡི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། གཞན་ཡང་ཁེར་གྷི་སི་ཐན་མངའ་ཁོངས་ཀྱི་ལམ་ཐིག་ཧྲིལ་པོའི་གནས་སྐབས་འགྲོ་ལམ་ཆེ་གྲས་དང་གནས་སྐབས་གློག་ཤུགས་འགན་སྲུང་རྣམ་གྲངས་ཚང་མ་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་ཏེ་ཨར་ལས་འཛུགས་སྐྲུན་ལ་འགན་སྲུང་ཐུབ་ཡོད།
ཀྲུང་ཁེར་ཨུ་ལྕགས་ལམ་ནི་ཀྲུང་ཁེར་ཨུ་རྒྱལ་ཁབ་གསུམ་གྱི་གཙོ་བདག་སྐུ་ངོ་མས་སྐུལ་འདེད་བཏང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་རེད། རྣམ་གྲངས་དེ་ཀྲུང་གོའི་ཤིན་ཅང་ཁ་ཧྲི་ནས་འགོ་བཙུགས་ཏེ་ཐུར་ཀ་ཐེ་རི་བོ་བརྒྱུད་ཁེར་གྷི་སི་ཐན་དུ་འབྱོར་བ་དང་དེ་ནས་ནུབ་ཕྱོགས་སུ་ཁེར་གྷི་སི་ཐན་གྱི་མཐའ་མཚམས་གྲོང་ཁྱེར་ཅ་ལ་ལ་པ་ཏེ་བརྒྱུད་མཐར་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཤར་རྒྱུད་གྲོང་ཁྱེར་ཨན་ཅི་ཡན་དུ་འབྱོར་གྱི་ཡོད། ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་500ལྷག་ཙམ་ཟིན་པའི་ནང་ཁེར་གྷི་སི་ཐན་མངའ་ཁོངས་ཀྱི་དུམ་བུར་སྤྱི་ལེ་304.84ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།