དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་ལྕགས་ལམ་ལྷོ་ཕྱོགས་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་མིང་ཡོན་གྱིས་བརྗོད་དོན།

    “ཡུལ་ཕྱོགས་འདི་གར་བགྲོད་ལམ་བརྟན་པོ་ཞིག་ཡང་བསྐྱར་བཟོ་བཞིན་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།   |     སྤེལ་དུས།  2026-09-08

    མཚན་གུང་སྐྱིད་གྲོང་གྲོང་རྡལ་གྱི་གནས་སྐབས་ལས་སྣོན་ར་བ་ཞིག་ཏུ་གློག་སྒྲོན་གསལ་ལྷམ་མེར་སྤར་འདུག ཚ་ལ་རྒྱག་པའི་མེ་སྟག་གཅིག་རྗེས་གཉིས་མཐུད་ངང་མཆེད་པ་དང་། མེ་སྟག་འཚུབ་པའི་ཁྲོད་ལྕགས་རྩིབས་ཀྱང་རིམ་གྱིས་སྒྲོམ་གཞིར་གྱུར་པ་དང་དེ་དག་སླར་ཡང་ལྕགས་སྐུད་ཀྱིས་དམ་པོར་བསྡམས། བཟོ་པ་རྣམས་ལྕགས་སྒྲོམ་གྱི་འགྲམ་དུ་ཙོག་པུར་བསྡད་དེ་ལག་གཉིས་ལ་བརྟེན་ནས་ལས་ཀར་བྲེལ་བ་དང་། འགྲམ་དུ་སྤུངས་པའི་ཐོན་རྫས་རྣམས་སྐྱ་མདོག་གི“སླེལ་པོ་ཆེན་པོ”ཞིག་ལྟར་གྲལ་སྟར་འགྲིག་པོས་བསྒྲིགས་འདུག དེ་ནི་ཀྲུང་གོ་ལྕགས་ལམ་ལྷོ་ཕྱོགས་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་མིང་ཡོན་གྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་གཡུལ་ས་སྟེ་ལྕགས་སྒྲོམ་ལས་སྣོན་ར་བ་རེད།

    རྒྱལ་ལམ་216ཤར་གཏོང་ཐུབ་རྗེས། དཀའ་གནད་ཆེ་ཤོས་ནི་བགྲོད་ལམ་བརྟན་པོ་ཡོང་བ་བྱ་རྒྱུ་དེ་ཡིན་ཞིང་། ས་འབོལ་པོའི་ཐོག་གནས་སྐབས་བཟོས་པའི་བགྲོད་ལམ་དེར་རླངས་འཁོར་ལྗིད་པོ་རྣམས་ཉིན་བཅུ་དང་ཟླ་ཕྱེད་ཙམ་བསྐྱོད་ཚེ་སླར་ཡང་རྡིབ་སྲིད། “ང་ཚོས་སྒྲུབ་དགོས་པ་ནི་བགྲོད་ལམ་བརྟན་པོ་ཞིག་སླར་ཡང་བཟོ་དགོས་པ་དེ་ཡིན། ལྕགས་སྒྲོམ་བཏིང་ཚེ་མྱུར་བཟོ་བྱས་པའི་གནས་སྐབས་བགྲོད་ལམ་དེ་བས་བརྟན་པོ་ཡོང་ཐུབ”ཅེས་ལིའུ་མིང་ཡོན་གྱིས་བཤད།

    གནོད་འཚེ་ཐོན་རྗེས། ཀྲུང་གོ་ལྕགས་ལམ་ལྷོ་ཕྱོགས་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་མཐའ་འཁོར་གྱི་སྤྱི་ལེ་500ནང་ཚུན་གྱི་རྣམ་གྲངས་པུའུ་གཉིས་དུས་གཅིག་ཏུ་བསྐོངས་ནས་རྐོ་འདྲུའི་འཕྲུལ་འཁོར་དང་། བླུག་འཁོར། རང་ཕབ་མོ་ཊ་བཅས་མཚན་མོ་དེ་རང་ལ་བཏང་བ་དང་། ལྷ་ས་ནས་ཚད་གཞི་མཐོ་བའི་ལྕགས་རྩིབས་ཏུན་1000དང་ལྕགས་རྩིབས་བཟོ་པ་100ཙམ་སྐོང་འཐེན་བྱས་ཏེ་ཉིན་མཚན་དབྱེར་མེད་དུ་ལས་ཀ་བྱས་པ་རེད།

    ལིའུ་མིང་ཡོན་ཉིན་གཅིག་ལ་ལས་སྣོན་ར་བ་དང་། རྡོ་བཤག་ར་བ། ས་རྡོ་རྒྱོང་ས་བཅས་ས་ཚིགས་གསུམ་དུ་བསྐྱོད་དགོས་ཀྱི་ཡོད་ཅིང་། གྲངས་གཞིའི་འགྱུར་ལྡོག་ལས་མཐོང་བ་ལྟར་ན། ཟླ་9ཚེས་5ཉིན་བར་རིམ་རྩིས་བརྒྱབ་ན་ལྕགས་སྒྲོམ་1959ལས་སྣོན་དང་དབོར་འདྲེན་བྱས་པ་དང་། རྡོ་སྨི་རྒྱ་དཔངས་གྲུ་བཞི་10498དབོར་བ། རྡོ་བཤག་ར་བའི་ས་ངོས་གཙང་སེལ་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་10066ཟིན་པ་བཅས་རེད། ཨར་ལས་རས་དང་ལམ་འདིང་ལྕགས་ལེབ་སོགས་དངོས་ཟོག་ཀྱང་ལྷ་ས་ནས་རླངས་འཁོར་རེ་རེ་བཞིན་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་དབོར་ཡོད།

    ད་དུང་ཉེན་ཁ་ཡོད་ས་ནི་མཐའ་མཚམས་རྒྱལ་སྒོའི་འགྲམ་གྱི་སྨི་བཞི་བརྒྱ་ལྔ་བརྒྱ་ཡོད་པའི་གཟར་ངོས་དེ་རེད།

    ཆུ་རུད་ཐོན་རྗེས། རི་ངོས་ཆར་ཆུས་འཚོས་ནས་སོབ་སོབ་ཆགས་པ་དང་། རྡོ་ཧྲུག་ཀྱང་དུས་ངེས་མེད་དུ་ཟགས་སྲིད། “ཞོར་ཐོན་གནོད་འཚེ་སྔོན་འགོག་བྱ་ཆེད། ང་ཚོས་རི་ངོས་སུ་འགོག་སྲུང་ལྕགས་དྲ་བཟོས་ནས་བགྲོད་ལམ་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྩིས་ཡོད། བགྲོད་ལམ་ཤར་གཏོང་ཐུབ་ན། མི་དང་དངོས་ཟོག་ཤར་བགྲོད་ཐུབ་རྒྱུ་རེད། འདི་ནི་དོན་དག་གང་ཞིག་ལས་ཀྱང་གལ་ཆེ་བ་ཡོད”ཅེས་ལིའུ་མིང་ཡོན་གྱིས་མྱོང་ཚོར་ཟབ་མོས་བརྗོད།

    གློག་སྒྲོན་གྱི་འོག་ཏུ་ལྕགས་སྒྲོམ་གྲལ་སྟར་རེ་རེ་བཞིན་ལམ་གཞིའི་འགྲམ་དུ་ཕབ་ཡོད་ལ་དེ་ནི་སྐྱ་མདོག་གི་སྒལ་ཚིགས་རེ་རེ་དང་མཚུངས། མཐའ་མཚམས་རྒྱལ་སྒོར་སྐྱོད་སའི་ལམ་བརྟན་པོ་ཞིག་འདི་གར་ཡང་བསྐྱར་བཟོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།