གློག་ཤུགས་མྱུར་བཟོ་དཔུང་ཁག་གིས།
“ལམ་གང་དུ་ཤར་གཏོང་ཐུབ་ན་དེ་གར་གློག་གཏོང་ཐུབ་པའི་འགན་ལེན་བྱས་པ”
ཟླ་9ཚེས་5ཉིན་གྱི་དགོང་མོའི་ཆུ་ཚོད་8པར། ས་རིམ་བཞིན་རུབ་པ་དང་བོད་ལྗོངས་སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་སྒོ་མོའི་ས་ཁོངས་སུ་ནུས་ཆེའི་འཚོལ་ཞིབ་གློག་སྒྲོན་3དུས་གཅིག་ཏུ་སྤར་ནས་རོགས་སྐྱོབ་བྱ་ཡུལ་གསལ་ཐིང་ཐིང་ཡོང་བར་བྱས།
“རྒྱལ་ལམ་216མྱུར་བཟོ་བྱེད་པ་དང་དུས་མཚུངས། ང་ཚོས་འབད་འཐབ་ལྷོད་མེད་བྱས་ཏེ་ཟླ་9ཚེས་3ཉིན་གྱི་དགོང་མོ་རྒྱལ་མཚམས་སྒོ་མོའི་ས་ཁོངས་བར་ཤར་གཏོང་ཐུབ་པའི་གནས་སྐབས་གློག་གཏོང་ལམ་ཐིག་མྱུར་བཟོ་བྱས་པ་དང་འབྲེལ་གློག་གཏོང་ཐུབ་པ་བྱས་ཡོད”ཅེས་རྒྱལ་ཁབ་གློག་དྲ་སྐྱིད་གྲོང་རྫོང་གློག་འདོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བུ་ཆུང་གིས་བཤད།
ཟླ་8ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་སྐྱིད་གྲོང་རྫོང་གློག་འདོན་ཀུང་སིར་འཕྲལ་མར་གོང་རིམ་བཀོད་སྒྲིག་སྡེ་ཚན་གྱི་ཆ་འཕྲིན་འབྱོར། “ལམ་རིས་ནས་ར་ཟུར་ཟམ་པའི་ཕྱོགས་ཀྱི་ཆན་ཧྥུའུ་10ཡི་ལམ་ཐིག་གི་མཐའ་སྣེ་འཁོར་སྐྱོད་རྒྱུན་གཏན་ལྟར་མི་ཐུབ་པ་མངོན་པས་ཚང་མས་འགག་སྒོའི་ཕྱོགས་སུ་གནས་ཚུལ་ཐོན་ཡོད་ངེས་རེད་སྙམ་ཡོད”ཅེས་བུ་ཆུང་གིས་བཤད།
“གཏོར་སྐྱོན་ཕོག་པའི་ལམ་དུམ་དུ་འདམ་རྫབ་ཀྱིས་ཁེངས་ནས་རླངས་འཁོར་འགྲོ་མི་ཐུབ་པ་དང་གོམ་པ་སྤོས་ཚེ་འདམ་རྫབ་པུས་མོ་བར་སླེབས་ཀྱི་ཡོད” “སྔ་དྲོའི་ཆུ་ཚོད་11ཡོལ་ཙམ་ལ་བུ་ཆུང་དང་ལས་རོགས་ཚོས་མྱུར་བཟོ་རླངས་འཁོར་བཏང་ནས་རྒྱལ་མཚམས་སྒོ་མོའི་ས་ཁོངས་དང་བར་ཐག་སྤྱི་ལེ་3ཡོད་པའི་སར་སླེབས་སྐབས་མུ་མཐུད་མདུན་ཕྱོགས་སུ་སྐྱོད་ཐབས་བྲལ་བ་ཤེས། ཚང་མས་མྱུར་བཟོ་རླངས་འཁོར་ཉེ་འགྲམ་དུ་བཞག་ནས་ལས་ཀ་བྱེད་འགོ་བཙུགས་ཏེ་གནས་སྐབས་བཀོད་འདོམས་པུའི་གློག་འགན་ལེན་བྱས་པ་རེད།
མྱུར་བཟོའི་དཔུང་ཁག་དེའི་མི་150ལྷག་ཙམ་དེ་དག་མཐའ་འཁོར་གྱི་གཉའ་ནང་དང་། དིང་རི། ས་དགའ་སོགས་ནས་སྐྱིད་གྲོང་དུ་མགྱོགས་མྱུར་ཡོང་བ་ཤ་སྟག་རེད།
རྣམ་རྒྱས་ཚུལ་ཁྲིམས་ནི་གཉའ་ནང་རྫོང་གློག་འདོན་ཀུང་སིའི་ཁ་ལོ་བ་ཡིན་པ་དང་སྐྱིད་གྲོང་དུ་རོགས་སྐྱོར་བྱེད་པར་སླེབས་རྗེས་སྒྲིག་ཆས་དབོར་བ་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་གང་ཞིག་ཡིན་རུང་ཁོང་གིས་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། ཁོང་གི་ལག་པ་གཡོན་པའི་སྦར་མཐིལ་རྨས་པ་དེ་ཉིན་འགའ་སོང་རྗེས། རོགས་སྐྱོར་བྱེད་སྐབས་སླར་ཡང་རྨ་ཁ་གས་པ་རེད།
ཟླ་8ཚེས་30ཉིན་གྱི་ཉིན་དགུང་གློག་ཤིང་དང་པོ་དེ་བཙུགས་པ་དང་ཟླ་9ཚེས་3ཉིན་གློག་ཤིང་54ཚང་མ་བཙུགས་ཟིན་ནས་རིང་ཚད་སྤྱི་ལེ་10ཙམ་ཡོད་པའི་གློག་སྐུད་འཁྲིད་པ་རེད། ཆུ་ཚོད་100ཏག་ཏག་རིང་མྱུར་བཟོ་རུ་ཁག་གིས་རི་ཉིལ་བ་དང་རྡོ་ཟགས་པ་སོགས་ཀྱི་ཉེན་ཁར་མ་འཛེམ་པར་རྒྱལ་མཚམས་སྒོ་མོའི་ས་ཁོངས་ཀྱི་གློག་ཤུགས་མཁོ་འདོན་འགན་ལེན་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།