ཁེར་གྷི་སི་ཐན་དང་ཀྲུང་གོས་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས་པའི་དེང་རབས་ཀྱི“དར་གོས་ལམ་བུ”གཏོད་པ།

ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་དེ་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སུ་མུ་མཐུད་འགྱུར་བ་བྱས་ཚེ། ཁེར་གྷི་སི་ཐན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ངེས་རེད།
ཉེ་བའི་ལོ་ཤས་རིང་། ཁེར་ཀྲུང་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཕྱིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ། དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད། ཁེར་གྷི་སི་ཐན་གྱི་ངོས་ནས་བརྗོད་ན། ཀྲུང་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་དང་ཚོང་དོན་རོགས་ཟླ་གཙོ་བོ་ཡིན། རྒྱལ་ཁབ་གཉིས་པོའི་དབར་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་པ་དང་གནའ་བོའི་དར་གོས་ལམ་བུས་ཕྱོགས་གཉིས་པོའི་དབར་གྱི་ལོ་ངོ་སྟོང་གི་འགྲོ་འོང་གི་དཔང་པོ་བྱས་ཡོད། དེང་གི་ཉིན་བཞིན་ཟབ་ཏུ་འགྲོ་བའི་འགྲིམ་འགྲུལ་སྦྲེལ་མཐུད་དང་དཔལ་འབྱོར་མཉམ་ལས་ཀྱིས་ཕན་ཚུན་དབར་གྱི་འབྲེལ་ཐག་སྔར་བས་བརྟན་དུ་ཕྱིན་པས་ཕན་ཚུན་འབྲེལ་མཐུད་དེ་བས་ཟབ་ཏུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་པི་སི་ཁེག་ཏུ་འཚོགས་པའི་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་བ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མཉམ་ལས་དང་ཁེར་ཀྲུང་མཉམ་ལས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
ཁེར་ཀྲུང་དབར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་ཕྱོགས་མང་པོར་གྲུབ་འབྲས་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་ཡོད། གནའ་བོའི་དར་གོས་ལམ་བུས་ཚོང་ཟོག་བརྗེ་རེས་དང་བསམ་བློ་དཔྱད་གཞིར་འཛིན་རེས་ཀྱིས་ཤེས་དཔལ་མཉམ་འདྲེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ཡོད། ད་ཆ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཟབ་གཏོང་། མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་འགྲོ་འོང་སོགས་དངོས་སྒྲུབ་རྣམ་གྲངས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་ནས་གནའ་བོའི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད། འགྲིམ་འགྲུལ་དང་། ནུས་རྒྱུ། མ་འཇོག ཐོན་ལས། སློབ་གསོ། གྲངས་འཛིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མཉམ་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་མཉམ་ལས་ཀྱི་སྤུས་ཚད་ལེགས་སུ་བརྟན་པོ་ཕྱིན་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཀྲུང་ཁེར་ཨུ་ལྕགས་ལམ་ནི་ཁེར་ཀྲུང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད། 2024ལོའི་ཟླ་6པར་འབྲེལ་ཡོད་སྲིད་གཞུང་དབར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་རྣམ་གྲངས་དེ་ཉིད་ལག་བསྟར་གྱི་དུས་མཚམས་སུ་སླེབས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྕགས་ལམ་དེ་ནི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱས་པ་ཞིག་ཡིན་པ་མ་ཟད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་བགྲོད་ལམ་དེ་བས་རེད། རྣམ་གྲངས་བསྐྲུན་རྗེས་ཀྲུང་གོ་ནས་ཨེ་ཤེ་ཡ་དབུས་མའི་བར་སྐམ་སའི་སྐྱེལ་འདྲེན་བར་མཐོངས་གསར་པ་ཞིག་བཏོད་དེ་ཁེར་གྷི་སི་ཐན་གྱིས་ས་བབ་ཀྱི་ལེགས་ཆ་གང་ལེགས་འདོན་པར་རམ་འདེགས་བྱ་རྒྱུ་རེད། ལྕགས་ལམ་ལས་བྱུང་བའི་ཕྱོགས་བསྡུས་ཕན་འབྲས་ནི་སྐྱེལ་འདྲེན་ཙམ་མ་ཡིན་པར་ལམ་རྒྱུད་དུ་ཟོག་འགྲུལ་ལྟེ་གནས་དང་། མཛོད་ཉར་སྒྲིག་བཀོད། ལེ་ལག་ཚང་བའི་ཞབས་ཞུ་དང་ལས་སྣོན་ཐོན་ལས་བཅས་ལ་སྐུལ་འདེད་ཐེབས་ནས་ཐོན་ལས་ཀྱི་ཁོར་ཡུག་གསར་པ་སྐྱེད་སྲིང་ཐུབ་རྒྱུ་མ་ཟད་ལས་ཞུགས་ལས་གནས་འབོར་ཆེན་ཡང་གཏོད་རྒྱུ་རེད། རྟེན་གཞི་གལ་ཆེན་དེར་བརྟེན་ནས་ཁེར་གྷི་སི་ཐན་གྱིས་ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་ནང་དེ་བས་མཉམ་འདྲེས་ཐུབ་པར་བྱས་ཏེ་ཐོན་སྐྱེད་དང་། ལས་སྣོན། ཕྱིར་གཏོང་བཅས་རྒྱ་ཆེར་བཏང་བ་བརྒྱུད་ས་ཁོངས་འགྲིམ་འགྲུལ་གྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་ཏན་ཏིག་འགྱུར་ཐུབ་རྒྱུ་རེད།
འབྱུང་འགྱུར་ལ་ཕྱོགས་སྐབས་ཁེར་ཀྲུང་རྒྱལ་ཁབ་གཉིས་པོར་སྔར་བཞིན་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད་པས་གཙོ་གནད་ཁྱབ་ཁོངས་སུ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་ཆོག འགྲིམ་འགྲུལ་ཟོག་འགྲུལ་ཐད་རྒྱལ་ཁབ་གཉིས་པོས་ཀྲུང་ཁེར་ཨུ་ལྕགས་ལམ་འཛུགས་སྐྲུན་གོ་སྐབས་སུ་བྱས་ཏེ་གཞུང་ལམ་དང་། ལྕགས་ལམ། འགག་སྒོ ཟོག་འགྲུལ་ལྟེ་གནས་བཅས་ཀྱི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཚེ་རིགས་ཁག་གི་སྐྱེལ་འདྲེན་འགྲོ་ལམ་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་ཐུབ། ཐོན་ལས་མཉམ་ལས་ཀྱིས་ཚོང་དོན་གཞི་ཁྱོན་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་ཞིང་ལས་ཐོན་རྫས་ལས་སྣོན་དང་། ཡང་བའི་བཟོ་ལས། དེང་རབས་ཟོག་འགྲུལ་སོགས་ལེགས་ཆའི་ཁྱབ་ཁོངས་ལ་གཞི་ཚུགས་ནས་མ་འཇོག་བྱེད་པའི་ཡིད་དབང་བཀུག་ཚེ་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཁྲོམ་ར་དེ་བས་ཆེ་བར་ཁྱབ་པར་སྐུལ་འདེད་གཏོང་ཐུབ།
ཁེར་ཀྲུང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་ཕན་ཚུན་སྦྲེལ་མཐུད་དང་འབྱུང་འགྱུར་ལ་ཕྱོགས་པའི་དེང་རབས་ཀྱི“དར་གོས་ལམ་བུ”གཏོད་བཞིན་ཡོད། དེ་ནི་ལྕགས་ལམ་དང་། གཞུང་ལམ། ནུས་རྒྱུ་བཅས་ཀྱི་དྲ་རྒྱའི་དངོས་ཁམས་སྣུར་སྲིང་བྱས་པ་ཞིག་རེད་ལ། ཐོན་ལས་དང་། གྲངས་འཛིན། མི་ཆོས་རིག་གནས་བཅས་ཕྱོགས་མང་སྤེལ་རེས་སྦྲེལ་མཐུད་བྱས་པ་ཞིག་ཀྱང་རེད། ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་དེ་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ལ་འགྱུར་བ་བྱས་ཚེ་ཁེར་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་ཐུབ་པ་མ་ཟད། ཨེ་ཤེ་ཡ་དབུས་མའི་ས་ཁུལ་ཕན་ཚུན་སྦྲེལ་མཐུད་དང་ཐུན་མོང་ཐོག་དར་རྒྱས་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་རེད།
(རྩོམ་པ་པོ་ནི་ཁེར་གྷི་སི་ཐན་གཞུང་བཙུགས་མི་རིགས་སློབ་ཆེན་ཁེར་ཀྲུང་སློབ་གླིང་གི་ཡོན་ཀྲང་ཡིན་པ)
འབྲེལ་ཡོད་གསར་འགྱུར།