ས་ལེ་ཤང་ལ་བི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་བརྗོད་དོན།
“ངས་ཚང་མའི་སྣེ་ཁྲིད་དེ་མདུན་དུ་སྐྱོད་ཀྱི་ཡིན”
བཅར་འདྲི་བྱེད་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ལས་ཀ་ཧ་ཅང་མང་བས་སྤེན་པས་བློ་མོས་དེ་ཙམ་བྱེད་ཀྱི་མི་འདུག སྤེན་པ་ནི་བོད་ལྗོངས་སྐྱིད་གྲོང་རྫོང་ས་ལེ་ཤང་ལ་བི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། གྲོང་ཚོ་དེ་སྐྱིད་གྲོང་འགག་སྒོའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་ལྔ་དྲུག་གི་མཚམས་སུ་གནས་ཡོད། ཟླ་8ཚེས་26ཉིན་ཆུ་རུད་གནོད་འཚེ་ཐོན་པའི་ཕྱི་དྲོ་དེ་རང་དུ་ཁོང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཤང་དུ་སྤོས་པ་དང་། དེ་རྗེས་སྐྱིད་གྲོང་གྲོང་རྡལ་ལྷོ་ངོས་ཀྱི་སྤྱི་ལེ་1ལྷག་ཙམ་ཡོད་པའི་གྱེས་ཕུག་གྲོང་ཚོར་བཀོད་སྒྲིག་བྱས་པ་རེད།
ཉིན་དགུང་གསར་འགོད་པ་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་སྐབས། ཁོང་ཚོས་ཟས་རིགས་བླུགས་པའི་སྒམ་གཅིག་རྗེས་གཉིས་མཐུད་ངང་དབོར་བཞིན་པ་དང་དུས་མཚུངས། རྒྱལ་སྒོའི་འགྲམ་དུ་དམར་མདངས་བཀྲ་བའི་ཏང་དར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག ཕྱོགས་གཞན་ཞིག་ན“གྱེས་ཕུག་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཏང་ཡོན་གདོང་ལེན་ཞབས་ཞུའི་ས་ཚིགས་སུ། དཀའ་ངལ་ཡོད་ཚེ་རྩ་འཛུགས་འཚོལ་བར་ཤོག”ཅེས་པའི་སྦྱར་ཡིག་བཀལ་འདུག
ཏག་ཏག་སྤེན་པའང་དེ་ཕྱོགས་སུ་སླེབས་འོང་། ཁོང་ལོ་40ཡས་མས་ཡིན་ཚོད་འདུག་ལ་ཤ་རིད་པ་ཞིག་འདུག ཁོང་གིས་སྟོད་གོས་ནག་པོ་དང་དོར་མ་སྔོན་པོ་ཞིག་གྱོན་ཞིང་། བྱད་བཞིན་ངལ་བས་མནར་རུང་གོམ་པ་ཡང་ཤ་དོད་པོ་ཞིག་རྒྱག་བཞིན་འདུག
“ཁྱེད་ཀྱིས་དེ་རིང་ལས་ཀ་གང་དག་བྱས་པ་ཡིན་ནམ”
སྤེན་པས། ལས་ཀ་ཙག་ཙིག་ཤ་སྟག་རེད། སྔ་དགོང་ཚང་མར་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་གཞན་དག་དང་མཉམ་དུ་ཡུལ་མི་ཚོར་ལྟོ་ཆས་བསྐྱལ་བ་དང་། བཀོད་སྒྲིག་བྱ་ཡུལ་དུ་དུད་ཚང་རེ་རེ་ཚང་མར་བསྐྱོད་ནས་ཅི་འཕྲོས་མོལ་འཕྲོས་ཀྱིས་ཡུལ་མི་ཚོའི་བསམ་ཚུལ་དང་དཀའ་ངལ་ཤེས་རྟོགས། གཟུགས་པོ་ཐང་པོ་མེད་པའི་རྒན་རྒོན་ལ་སྨན་པ་འབྲེལ་གཏུག་བྱེད་རོགས། ལ་བི་གྲོང་ཚོར་བསྡད་ནས་ཡུལ་མིའི་རྒྱུ་ནོར་ཚབ་གཉེར་བྱེད་མཁན་གྲོང་ཚོའི་ལས་བྱེད་པར་ཁ་པར་བརྒྱབ་ནས་གྲོང་ཚོའི་གནས་ཚུལ་ཤེས་རྟོགས་སོགས་བྱས་པ་ཡིན།
སྤེན་པས། དེ་དག་ནི་དོན་ཆུང་ཤ་སྟག་རེད་སྙམ་རུང་དོན་དངོས་སུ་ཡུལ་མི་ཚོའི་སེམས་ནང་གི་དོན་ཆེན་ཤ་སྟག་རེད་ཅེས་བཤད།
སྤེན་པས་ལས་ཀ་ཧུར་ཐག་བྱེད་པ་དང་། གྲོང་མི་ཚོ་དང་ངག་འཇམ་པོས་སྐད་ཆ་ཤོད་པ། རྒན་རྒོན་ཚོར་སེམས་གསོ་གཏོང་བ་བཅས་མཐོང་སྐབས་མིག་མདུན་གྱི་ཕོ་རྒོད་དེའི་སྤུན་མཆེད་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་འབྲེལ་བ་ཆད་པ་ཡིད་ཆེས་ཐབས་བྲལ།
“ང་ཡང་སེམས་སྡུག་ཆེན་པོ་འདུག ཡིན་ནའང་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པས་ངས་ཚང་མའི་སྣེ་ཁྲིད་དེ་མདུན་ཕྱོགས་སུ་སྐྱོད་དགོས”ཞེས་སྤེན་པས་བཤད།
ཁོང་བློ་བདེ་ཤོས་ནི་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དེ་རེད། གྲོང་ཚོའི་ལས་བྱེད་པས་ཉིན་དེ་དག་རིང་ལས་ཀ་ཧ་ཅང་མང་པོ་བྱས་པ་མཐོང་སྐབས་ཡུལ་མི་རྡོ་རྗེས“ཁོང་ཚོ་ཡོད་པས་ང་ཚོ་བློ་བདེ་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།
འབྲེལ་ཡོད་གསར་འགྱུར།