འཕྲལ་སྡོམ་རོགས་སྐྱོབ་རྩད་ཞིབ་ཚད་ལེན་གྱི་རིགས་གཅིག་མཁས་ཅན་ཡོན་ཡུན་ཤིང་གིས་བརྗོད་དོན།
“རོགས་སྐྱོབ་ལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཧུར་ཐག་སྐྲུན་བཞིན་ཡོད”
ཟླ་8ཚེས་29ཉིན། རོགས་སྐྱོབ་མི་སྣ་ཁག་གཉིས་པ་སྐྱིད་གྲོང་ཆུ་རུད་ཀྱི་གེགས་ཁུལ་དུ་སྐྱོད་གྲབས་ཡོད་པ་ཤེས་རྗེས། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་རྩད་ཞིབ་ཚད་ལེན་རུ་ཁག་གི་རུ་འབྲིང་གི་རུ་དཔོན་གཞོན་པ་ཡོན་ཡུན་ཤིང་གིས་རང་འགུལ་ངང་རེ་ཞུ་བྱས་ཏེ་མཚན་མོ་དེ་རང་ལ་སྒྲིག་ཆས་གྲ་སྒྲིག་བྱས་པ་རེད། ཉིན་གཉིས་པར་ཡོན་ཡུན་ཤིང་སི་ཁྲོན་ཁྲེང་ཏུའུ་ནས་བོད་ལྗོངས་ལྷ་སར་འབྱོར་མ་ཐག རྦབ་རྡོ་ཟགས་པའི་ཉེན་ཁར་མ་འཛེམས་པར་འཐབ་ས་དང་པོར་བསྐྱོད།
ཟླ་8ཚེས་31ཉིན། ཡོན་ཡུན་ཤིང་རོགས་སྐྱོབ་བྱ་ཡུལ་དུ་འབྱོར་ནས་རྩད་ཞིབ་སྒྲིག་ཆས་བཀོད་སྒྲིག་བྱེད་གནས་སུ་ཞིབ་བཤེར་བྱེད་པར་བསྐྱོད། ཆུ་རུད་ཐོན་སའི་ས་ཁོངས་སུ་གྲོག་རོང་མང་བ་དང་ཉེ་འཁོར་དུ་འཁྱགས་རོམ་འཁྱགས་མཚོ་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་མཉམ་དུ་གནས་ཡོད། ཡོན་ཡུན་ཤིང་དང་རུ་མི་ཚོས་ཐུར་འཇལ་ལེ་ཏ་དང་མི་མེད་གནམ་གྲུ་སོགས་ཀྱི་སྒྲིག་ཆས་ཁྱེར་ནས་རྒྱལ་ལམ་216རྒྱུད་ཀྱི་རི་ཉིལ་བའི་ཉེན་ཁ་ཆེ་སའི་མངོན་མེད་རྐྱེན་ངན་ཐོན་ཁུལ་6ལ་དངོས་ཞིབ་བྱས་ཡོད།
“མི་མངོན་པའི་རྐྱེན་ངན་གནས་ས་དེ་དག་གཡང་གཟར་བ་དང་བྲག་རྡོ་གས་ཡོད་པས་རོགས་སྐྱོབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད། ང་ཚོས་ཞིབ་ཚད་མཐོ་བའི་མཐའ་ཐུར་རེག་བརྡ་སྤྱད་དེ་ཉིན་མཚན་དབྱེར་མེད་དུ་རི་ཉིལ་བའི་གནས་ཚུལ་ཕྲན་བུ་ཙམ་ལ་ཡང་བརྟག་དཔྱད་བྱས་ནས་རོགས་སྐྱོབ་མི་སྣར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཧུར་ཐག་བསྐྲུན་ཡོད”ཅེས་རོགས་སྐྱོབ་ལས་འགན་གལ་ཆེན་མང་པོར་ཞུགས་མྱོང་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཡོན་ཡུན་ཤིང་གིས་བརྗོད།
སྐྱིད་གྲོང་དུ་ཡོན་ཡུན་ཤིང་གིས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་བསྡུ་རུབ་དང་། ཕྱོགས་སྡོམ། ཆ་འཕྲིན་ཡོངས་བསྒྲགས་བཅས་ཀྱི་འགན་ཁུར་ནས་སྡོད་བྱ་བསྟུད་མར་བྱེད་དགོས་ཀྱི་ཡོད། “ང་རང་ཡོང་དུས་ནས་འཐབ་ས་དང་པོ་བརྟན་སྲུང་དང་མུ་མཐུད་དམག་འཐབ་རྒྱག་རྒྱུའི་གྲ་སྒྲིག་བྱས་པ་ཡིན”ཞེས་ཡོན་ཡུན་ཤིང་གིས་བརྗོད།
རོགས་སྐྱོབ་མི་སྣའི་བདེ་འཇགས་སྲུང་ཆེད། སྡེ་ཚན་མང་པོའི་རིགས་གཅིག་མཁས་ཅན་གྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་ཞོར་ཐོན་གནོད་འཚེའི་ཉེན་ཁ་ཆེ་སར་ཉེན་བརྡའི་བྱང་བུ་འཛུགས་པ་དང་ཐག་རྒྱ་འཐེན་པ་དང་ལྟ་ཞིབ་སོ་ལྟ་ཁང་བཙུགས་ནས་ཉེན་ཁ་ཐོན་སྐབས་འཕྲལ་མར་ཤེས་རྟོགས་ཐུབ་པ་དང་། སྔོན་བརྡ་གཏོང་བ། ཐག་གཅོད་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད།
སྐྱིད་གྲོང་འགག་སྒོའི་འགྲོ་ལམ་ཤར་གཏོང་ཐུབ་རྗེས་ཕྱོགས་ཁག་གི་འཚོལ་སྐྱོབ་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།
མཚན་མོ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་བརྙན་ཤེལ་ནས་གྲངས་གཞིའི་འཁྱོག་ཐིག་ཟམ་མི་ཆད་པར་འགུལ་བཞིན་ཡོད། ཡོན་ཡུན་ཤིང་དང་རུ་མི་ཚོས་འགྱུར་ལྡོག་ཞིབ་ཕྲ་ཡོད་ཚད་ལ་གཟབ་ནན་གྱིས་བལྟས་ནས་རོགས་སྐྱོབ་མི་སྣ་ཚང་མའི་བདེ་འཇགས་སྲུང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།