དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་སྤེལ་ནས་མཐའ་མཚམས་ཀྱི་གཞི་རྩ་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-08

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རེའི་དམག་དཔུང་ནི་མི་དམངས་ཀྱི་དམག་དཔུང་དང་རང་རེའི་རྒྱལ་སྲུང་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་རེད། ང་ཚོས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དུ་བཏང་སྟེ། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས”ཞེས་གསུངས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཡིན་པའི་བོད་ཀྱིས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བཞིན་ཡོད། དམངས་ཡོངས་ཀྱི་རྒྱལ་སྲུང་གི་དོན་སྙིང་ཟབ་མོར་གོ་བ་གཏིང་ཟབ་བླངས་ཏེ། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ཡག་པོ་སྤེལ་བ་ནི་གཅིག་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་གནས་ཀྱི་བླང་བྱ་རེད་ལ། ཡང་སྒོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་མཐའ་མཚམས་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད།

    ངེས་ཤེས་ཀྱི་ནོར་འཁྲུལ་བསམ་བློ་དོར་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་གི་དོན་སྙིང་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། མི་ལ་ལས་རྒྱལ་སྲུང་ནི་དམག་དཔུང་ཁོ་ནའི་འགན་འཁྲི་ཡིན་པའི་ངོས་འཛིན་སྟབས་བདེ་ཞིག་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ཐོག་མཐའ་མཚམས་ཀྱི་བདེ་སྡུག་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་འབྲེལ་བ་དམ་ཟབ་ཡོད། རང་ལྗོངས་ཀྱི་མཐའ་མཚམས་གྲོང་ཚོ་ཁྱབ་ཆེ་བས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། རྒྱལ་སྲུང་སློབ་གསོ་དེ་རྒྱལ་སྲུང་གི་རྒྱུན་ཤེས་ཁྱབ་གདལ་གཏོང་བ་ཙམ་མ་ཡིན་པར། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་བརྡའི་སློབ་གསོ་བཅས་དང་མཉམ་འདྲེས་ནུས་ལྡན་བྱེད་དགོས་པ་ཞིག་རེད། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་ཞེས་པ་ནི་མཐའ་མཚམས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་ཐུབ་པར་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ། རྒྱལ་ཁབ་ཀྱི་བདེ་འཇགས་ཐད་མི་ཚང་མར་འགན་འཁྲི་ཡོད་པའི་འདུ་ཤེས་འཛུགས་པ་བཅས་བྱས་ཏེ། མི་སྒེར་གྱི་འཚོ་བ་བདེ་སྐྱིད་དང་ལྡན་པ་དང་ཁྱིམ་གཞིས་གོང་འཕེལ་གཏོང་བ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་འཛུགས་སྐྲུན་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དེ་རེད།

    ས་མཐོའི་དོན་དངོས་ལ་གཞི་ཚུགས་ནས་རྒྱལ་སྲུང་གི་འདུ་ཤེས་མི་སེམས་སུ་ཟུག་པར་བྱེད་དགོས་ཤིང་། དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་གནས་རྙིང་དང་རྒྱལ་སྲུང་མཐའ་སྲུང་སློབ་གསོའི་རྟེན་གཞི་སོགས་གསར་བརྗེའི་གཡུལ་ས་བེད་སྤྱོད་ཡག་པོ་བྱས་ཏེ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མཐའ་སྲུང་དཔོན་དམག་དང་མཐའ་སྲུང་མང་ཚོགས་མི་རབས་མང་པོའི་མི་སེམས་འགུལ་བའི་གཏམ་རྒྱུད་དེ་མཐོང་ཐོས་མྱོང་གསུམ་གྱི་གསོན་ཉམས་དོད་པའི་སློབ་གསོའི་དཔྱད་གཞིར་འགྱུར་བ་བྱེད་དགོས། འབྲོག་ཁུལ་དང་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྱད་ཆོས་དང་འཚམ་པར་བྱས་ནས་ཐབ་ཟུར་གྱི་སྒྲོག་འགྲེལ་དང་། གྲོང་གསེབ་ཀྱི་སྒྲ་དུང་ཆེན་པོ། ཧི་མ་ལ་ཡའི་སློབ་ཁང་ཆེན་པོ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་རིགས་པའི་གཞུང་ལུགས་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་གཏོང་བ་དང་དམག་ཞབས་ཐིམ་པའི་དམག་མི་དང་མཐའ་སྲུང་སྔོན་ཐོན་འཐུས་མིས་ངོ་ཐུག་གདོང་འཕྲད་ཀྱིས་རང་ཉིད་ཀྱི་མྱོང་བ་མཉམ་སྤྱོད་བྱེད་དགོས། བརྙན་ཐུང་དང་དྲ་ཐོག་ནས་ཐད་གཏོང་སོགས་ཀྱི་བྱེད་ཐབས་གསར་པ་སྤྱད་ནས་ཁྱབ་སྤེལ་ཐབས་ལམ་རྒྱ་ཆེར་བཏང་སྟེ་རྒྱལ་སྲུང་གི་འདུ་ཤེས་སློབ་གྲྭ་དང་། སྡེ་ཁུལ། མཐའ་མཚམས་བཅས་ཀྱི་འཐབ་ས་དང་པོར་ཁྱབ་པ་དང་རིགས་པའི་གཞུང་ལུགས་གཞི་རིམ་གྱི་འཐབ་ས་དང་པོར་ཁྱབ་གདལ་གཏོང་དགོས།

    སློབ་གསོ་གཏོང་སྟངས་ཕུན་སུམ་ཚོགས་སུ་བཏང་ནས་གཅིག་མཐུན་ཚོགས་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱལ་སྲུང་སློབ་གསོ་དེ“ལོ་རྒྱུས་ལྔ”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་དྲིལ་བསྒྲགས་དང་མཉམ་འདྲེས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ལོ་རྒྱུས་ཀྱི་ངེས་ཤེས་ཁྲོད་ནས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། བསམ་བློའི་བློ་སྒོ་འབྱེད་རྒྱུ་དེ་ལག་ལེན་གྱི་ཉམས་ལེན་དང་ཁ་འབྲལ་ཐབས་མེད། དམག་བཀུར་ཁྱིམ་སྐྱོང་དང་། འཕྲལ་སྡོམ་ཉེན་གཡོལ་ནང་སྦྱོང་། མཐའ་མཚམས་སྐོར་སྲུང་སོགས་ཀྱི་བྱེད་སྒོར་བརྟེན་ནས་ལྐོག་གྱུར་གྱི་རྒྱལ་སྲུང་འདུ་ཤེས་དེ་ཞུགས་ཆོག་པའི་ཉམས་ལེན་དངོས་སུ་འགྱུར་བར་བྱེད་དགོས། ཉེ་འཁོར་གྱི་དཔེ་བཟང་བའི་དཔེ་སྟོན་སྟོབས་ཤུགས་ཀྱིས་མང་ཚོགས་དེ་བས་མང་བར་སློབ་གསོ་ཐེབས་རྒྱུར་སྐུལ་ཁྲིད་བྱས་ནས་རྒྱལ་གཅེས་མཐའ་བརྟན་དེ་བསམ་བློའི་ངེས་ཤེས་ནས་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྲུང་བ་དང་མཐའ་མཚམས་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་དོན་དངོས་མཚོན་པར་བྱེད་དགོས།

    རྒྱལ་སྲུང་གི་འདུ་ཤེས་སྐྱེད་སྲིང་བྱེད་རྒྱུ་ནི་དུས་ཐུང་ནང་ལེགས་གྲུབ་ཐུབ་པ་ཞིག་མ་ཡིན་པར་རྒྱུན་ཆད་མེད་པར་སེམས་སུ་ཟུག་པར་བྱེད་པའི་བརྒྱུད་རིམ་ཞིག་རེད། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕྱོགས་པའི་རྒྱལ་སྲུང་སློབ་གསོ་དེ་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་སྐད་ཆའི་ཐོག་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཕན་འབྲས་ཐོན་པར་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་རང་རྟོགས་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཡག་པོ་ཞིག་བྱེད་པར་ཁྲིད་སྟོན་བྱས་ཏེ། མཐའ་སྟོབས་མཐའ་དར་གྱི་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་བསམ་བློའི་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།