ཏང་དར་ལྷབ་ལྷུབ་གཡོ་བའི་ཕྱོགས་ནི་བྱ་སྤྱོད་སྤེལ་ཡུལ་ཡིན།
——སྐྱིད་གྲོང་གི“8·26”ཆུ་རུད་གནོད་འཚེའི་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་བཏོན་པའི་སྐོར་བཀོད་པ།

འདི་ནི་ཟླ་9ཚེས་3ཉིན་རོགས་སྐྱོབ་མི་སྣས་གནོད་འཚེའི་ལྟེ་བའི་ཁུལ་དུ་མི་སྣ་འཚོལ་བཤེར་བྱེད་བཞིན་ཡོད་པ་དང་ཏང་དར་དམར་པོ་དེ་བས་མངོན་གསལ་དོད་པོ་ཡོད་པ།
2026ལོའི་ཟླ་9ཚེས་5ཉིན་གྱི་ཞོགས་པའི་ཉི་འོད་སྨུག་པའི་གསེབ་ནས་སྐྱིད་གྲོང་རྫོང་ས་ལེ་ཤང་སེར་ཆུང་གྲོང་ཚོའི་དྲོད་ཁང་ཆེ་མོར་འཕྲོ་སྐབས། ཏང་ཡོན་ཕུར་བུ་དོན་གྲུབ་ཀྱིས་རྒྱུན་གཏན་ལྟར་ལག་ཐོགས་ཁ་པར་ནས་དྲོད་ཁང་ཆེ་མོའི་སྐྱེ་འཚར་ལེགས་པའི་པད་ཚལ་དང་རྡོ་ལུ་མ་པར་བརྒྱབ་པ་དང་ཆབས་ཅིག་ལས་ལ་བྲེལ་བའི་ཏང་ཡོན་གདོང་ལེན་རུ་ཁག་གི་དམར་མདངས་རྒྱས་པའི་གཟུགས་བརྙན་པར་བརྒྱབ་ནས་གྲོང་ཚོའི་སྐད་འཕྲིན་ཚོགས་པའི་ནང་བསྐུར་བ་དང་། བདེ་འཇགས་ཁུལ་དུ་སྤོས་ཟིན་པའི་ཡུལ་མི་ཞིག་གིས“ཁྱེད་ཚོ་མཐོང་བས་བློ་བདེ་པོ་བྱུང”ཞེས་དཔྱད་གླེང་ཁུལ་དུ་ལན་བཞག་ཡོད་པ་རེད།
སྐབས་དེ་དུས་ནི་སྐྱིད་གྲོང་དུ་ཆུ་རུད་གནོད་འཚེ་ཐོན་རྗེས་ཀྱི་ཉིན་11པ་དེ་ཡིན་ཞིང་། ཁྱིམ་གཞིས་ལ་གནོད་འཚེ་ཕོག་རུང་། སྐྱབས་མེད་མགོན་མེད་ཀྱི་གནས་སུ་གྱར་མེད་ཅིང་། ཉེན་ཁའི་དུས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་འཕྲལ་དུ་གནོད་འཚེ་ཐོན་ཡུལ་དུ་བསྐྱོད་དེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ། ཏང་དར་ལྷབ་ལྷུབ་གཡོ་བའི་ཕྱོགས་ནི་བྱ་སྤྱོད་སྤེལ་ཡུལ་ཡིན་ཞེས་ལན་གསལ་པོ་བརྒྱབ་ཡོད།
ཉེན་ཁར་མ་འཛེམས་པར་གཡུལ་ས་མདུན་མར་བསྐྱོད་པ།
གནོད་འཚེ་ཐོན་རྗེས་འཕྲལ་སྡོམ་དོ་དམ་པུས་འཕྲལ་མར་རོགས་སྐྱོབ་བཀོད་སྒྲིག་ལས་དོན་བཀོད་གཏོང་བྱས་ཤིང་། དེ་ཡང་རོགས་སྐྱོབ་བྱ་ཡུལ་གྱི་དཔུང་ཁག་ཁ་ཐོར་དུ་གནས་ཡོད་པ་དང་། རོགས་སྐྱོབ་བྱ་ཡུལ་དུ་ཉེན་ཁ་ཆེ་བ། ལས་འགན་ལྕི་བ་བཅས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། རོགས་སྐྱོབ་ཀྱི་གཡུལ་ས་མདུན་མར་གནས་སྐབས་ཏང་རྩ་འཛུགས་བཙུགས་ཁར། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་31བཙུགས་ནས། ཏང་ཡོན་རྐང་འཛིན་པ་སྒྲིག་འཛུགས་ཀྱིས་འཚོལ་སྐྱོབ་ལས་དོན་ལ་ཞུགས་ཡོད།
རོགས་སྐྱོབ་ལ་ཞུགས་མཁན་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་གནས་སྐབས་ཏང་རྩ་འཛུགས་བཙུགས་ནས་སྔར་ཡོད་སྒྲིག་ཁོངས་ཀྱི་དབྱེ་མཚམས་མེད་པར་བཟོས་པ་མ་ཟད། མདུན་ཕྱོགས་བཀོད་འདོམས་པུའུ་དང་སྦྲེལ་མཐུད་བྱས་ཏེ། ལས་སྒྲུབ་དཔུང་ཁག་ཁག་དང་མཐུན་སྦྱོར་གྱིས་འཚོལ་སྐྱོབ་བྱ་ཡུལ་ཕྱེ་ཡོད་པ་རེད།
ས་ཡུལ་དངོས་ཀྱི་ཏང་ཡོན་རྐང་འཛིན་པས་ཉེན་ཁ་ཅུང་ཆེ་བའི་ལས་འགན་རང་འགུལ་ངང་ཕྲག་ཏུ་ཁུར་ནས་ཏང་ཡོན་འགག་སྒྲོལ་ཚོགས་ཆུང་བཙུགས་ཤིང་། འཚོལ་སྐྱོབ་ཚོགས་ཆུང་དང་མཉམ་དུ་འདམ་རྡོའི་ས་ཁོངས་སུ་བསྐྱོད་དེ་སྲོག་རྒྱུན་འཚོལ་ཞིབ་དང་། ས་ཡུལ་དངོས་སུ་གྲལ་བཤེར། ཉེན་ཁར་ཞིབ་འཇུག་དང་བརྡར་དཔྱོད་སོགས་ཀྱི་ལས་དོན་སྤེལ་རོགས་བྱས་པ་རེད།
ཟླ་8ཚེས་28ཉིན་གྱི་ཆུ་ཚོད་14ཙམ་ལ། འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་མངགས་པའི་ཀྲུང་གོ་རོགས་སྐྱོབ་རུ་ཁག་གི་མདུན་སྐྱོད་འཕྲལ་རྒོལ་ཚོགས་ཆུང་སྐྱིད་གྲོང་འགག་སྒོའི་ཐོད་ཀྱི་ནགས་རིའི་ཁུལ་དུ་འབྱོར་ཞིང་། ཁོང་ཚོས་བྲག་རྩེ་ནས་ཐག་པ་དཔྱངས་ཏེ་དཀའ་ངལ་ཁྱད་བསད་ཀྱིས་གནོད་འཚེའི་ཁུལ་དུ་བསྐྱོད་པ་རེད། ཆུ་ཚོད་16དང་སྐར་མ་30ཙམ་ལ་བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འོས་གྲབས་དཔུང་ཁག་དང་པོའི་མི་6དང་། སི་ཁྲོན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འོས་གྲབས་དཔུང་ཁག་དང་པོའི་མི་15གནོད་འཚེ་ཕོག་ཁུལ་གྱི་ལྟེ་བར་ཐོག་མར་འབྱོར་བ་རེད། དེ་རྗེས་ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་མི་20ཡང་འབྱོར་བ་རེད།
རི་ལམ་གུ་དོག་པ་དང་ཀྱག་ཀྱོག་ཡིན་པའི་རྐྱེན་གྱིས་འཚོལ་སྐྱོབ་རུ་མིས་འཁྱེར་བདེའི་རོགས་སྐྱོབ་སྒྲིག་ཆས་དང་སྲུང་སྐར་འཕྲིན་གཏོང་ཡོ་བྱད་ཁྱེར་ཏེ་རི་ལམ་བརྒྱུད་ནས་རྐང་ཐང་མར་བསྐྱོད། མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་ས་བབ་མཐོ་བ་དང་། ལྷགས་པ་ཆེ་བ། དྲོད་ཚད་དམའ་བ། ཞོར་ཐོན་གནོད་འཚེ་ཡང་ཡང་ཐོན་པ་སོགས་ཀྱི་ཉེན་ཁ་སྣ་ཚོགས་ཁྱད་དུ་བསད་ནས་སྐམ་ལམ་ནས་རྐང་ཐང་མར་སྐྱོད་པ་དང་། གཙང་པོའི་སྟེང་དུ་འགྱིག་གྲུ་བཏང་ནས་འཚོལ་ཞིབ། མཁའ་དབྱིངས་ནས་མི་མེད་གནམ་གྲུས་མྱུལ་ཞིབ་བཅས་མཉམ་འབྲེལ་གྱི་རོགས་སྐྱོབ་བྱེད་སྟངས་སྤྱད་དེ་གྲོག་རོང་དང་གྲམ་ཐང་སོགས་གཙོ་གནད་ས་ཁོངས་སུ་གྲལ་བཤེར་ཞིབ་ཚགས་བྱས་པ་རེད།
དཀའ་ཚེགས་ཤིན་ཏུ་ཆེ་བའི་འཚོལ་སྐྱོབ་ཀྱི་ཆ་རྐྱེན་འོག་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་འཐབ་ས་མདུན་མར་བརྟན་སྲུང་བྱས་ཡོད། རུ་མི་ཚོས་སྲོག་རྒྱུན་འཚོལ་ཆས་འཁྱེར་བ་དང་འཚོལ་སྐྱོབ་ཁྱི་ཁྲིད་ནས་ས་ཕྱོགས་གང་སར་བསྐྱོད་ཅིང་། ཁུངས་སྣེ་གཅིག་ཀྱང་བསྐྱུར་མེད། “འདམ་རྫབ་སྟུག་པའི་ས་ཆར་སྐེད་པ་བར་དིམ་འགྲོ་བ་དང་། གོམ་པ་མདུན་དུ་སྤོ་ཐེངས་རེར་གཟུགས་པོའི་ཤུགས་ཧ་ལམ་ཟད་འགྲོ་གི་འདུག དེ་ལྟར་ན་ཡང་ང་ཚོས་འཚོལ་སྐྱོབ་བྱ་ཡུལ་གཅིག་ཀྱང་བསྐྱུར་མི་སྲིད”ཅེས་འཚོལ་སྐྱོབ་རུ་མི་ཞིག་གིས་སྐད་འགག་བཞིན་དུ་བཤད།
མཁར་རྫོང་བརྟན་པོ་བསྐྲུན་ནས་མང་ཚོགས་ལ་སྲུང་སྐྱོང་བྱས་པ།
“མང་ཚོགས་ལ་དཀའ་ངལ་ཡོད་ཚེ་ང་ཚོས་ཐག་གཅོད་བྱེད་ཐབས་འཚོལ་དགོས”ཞེས་སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཚེ་བརྟན་རྡོ་རྗེས་བརྗོད། ཁོང་གིས། རྫོང་གིས་འཕྲལ་མ་ཉིད་དུ་གནས་སྐབས་ཏང་ཚོགས་ཆུང་བཙུགས་ཤིང་། གཞི་རིམ་ཏང་ཡོན་87སྒྲིག་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུས་པ་དང་། མཚན་མོར་ཡང་ཞོར་ཐོན་གནོད་འཚེར་མུ་མཐུད་སྡིགས་སྲུང་དང་དོགས་ཟོན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
ས་ལེ་ཤང་ནི་ཆུ་རུད་ཐོན་ས་དང་ཐག་ཉེ་ཙམ་ཡོད་ཅིང་། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་ཡོད་པའི་དབང་གིས་ཤང་དེའི་ལ་བི་གྲོང་ཚོ་དང་། སེར་ཆུང་གྲོང་ཚོ། ཀོ་པ་གྲོང་ཚོ་བཅས་ཀྱི་མང་ཚོགས་ངེས་པར་དུ་མགྱོགས་མྱུར་བདེ་འཇགས་ཁུལ་དུ་གནས་སྤོ་བྱེད་དགོས་ཀྱི་ཡོད། ས་ལེ་ཤང་གི་གཞི་རིམ་ཏང་ཡོན་80ལྷག་ཙམ་གྱིས་བཀའ་འབྱོར་འཕྲལ་སྒྲུབ་ཀྱིས་ལས་དོན་ཚོགས་ཆུང་མང་པོ་བཙུགས་ནས་དུད་ཚང་རེ་རེ་བཞིན་མྱུར་དུ་སྤོ་རྒྱུའི་སློབ་གསོ་བརྒྱབ་པ་དང་། ལ་ལས་ཅ་དངོས་འཁྱེར་རོགས་དང་ལ་ལས་འགྲོ་འདུག་སྟབས་མི་བདེ་བའི་བགྲེས་སོང་རྒྱབ་ཏུ་ཁུར་ནས་གནས་སྤོ་བྱས།
ལ་བི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པའི་གཉེན་ཉེ་ཆུ་རུད་ཁྲོད་འབྲེལ་བ་ཆད་པ་དང་། ཁ་པར་གྲངས་མེད་བརྒྱབ་ཀྱང་ཉན་མཁན་མ་བྱུང་། འོན་ཀྱང་ཁོང་གིས་སེམས་སྡུག་ནས་མ་བསྡད་པར་འཕྲལ་མ་ཉིད་དུ་ཡུལ་མིའི་སྐད་འཕྲིན་ཚོགས་པར་ཛ་དྲག་གི་ཉེན་གཡོལ་བརྡ་ཐོ་བཏང་ནས་གྲོང་ཚོ་ཡོངས་ཀྱི་ཡུལ་མི་གོ་རིམ་ལྡན་པའི་ངང་སྤོ་རྒྱུའི་སྒྲིག་འཛུགས་བྱས་པ་རེད། ཁོང་གིས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་ནས་དུད་ཚང་རེ་རེ་བཞིན་གྲལ་བཤེར་དང་ཁྱིམ་ཚང་རེ་རེ་བཞིན་ཁ་ཏ་བསླབ་བྱ་བྱས་ལ། “ང་ཡང་ངུ་འདོད་འདུག འོན་ཀྱང་ངུས་ནས་ཕན་ཐོགས་མེད། ང་ནི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པས་ཚང་མའི་སྣེ་ཁྲིད་ནས་མདུན་དུ་བསྐྱོད་དགོས”ཞེས་སྤེན་པས་བཤད། གྲོང་ཚོའི་ཏང་ཡོན་ལས་བྱེད་པའི་བཀོད་སྒྲིག་འོས་འཚམ་འོག ལ་བི་གྲོང་ཚོའི་དུད་ཚང་37གྱི་ཡུལ་མི་107ཚང་མ་སྐྱིད་གྲོང་གྲོང་རྡལ་གྱེས་ཕུག་གྲོང་ཚོར་སྤོས་པ་རེད།
མང་ཚོགས་གནས་སྤོ་བྱས་ཀྱང་རང་ཁྱིམ་གྱི་བྱ་དང་། སྒོ་ཕྱུགས། ཞིང་ཁ་སོགས་ལ་སེམས་ཁྲལ་བྱེད་ཀྱི་ཡོད། དེར་བརྟེན་ས་ལེ་ཤང་གིས་ཏང་ཡོན་གདོང་ལེན་རུ་ཁག་གསུམ་སྒྲིག་འཛུགས་བྱས་ཏེ་ཉིན་ལྟར་གྲོང་ཚོར་བསྐྱོད་དེ་ཁྱིམ་བྱ་དང་སྒོ་ཕྱུགས་སོགས་ལ་ལྟོ་སྟེར་བ་དང་གྲོང་ཚོར་སྐོར་གཡེང་བྱས་ནས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡོད། བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ས་ལེ་ཤང་ལ་བི་གྲོང་ཚོ་ཚུད་པའི་ཤང་དང་གྲོང་རྡལ་2ཀྱི་གྲོང་ཚོ་5ཡི་མང་ཚོགས་499ས་གནས་དེ་གའི་ཏང་ཡོན་ལས་བྱེད་པའི་རོགས་རམ་འོག་གནས་སྐབས་བཀོད་སྒྲིག་བྱ་ཡུལ་5རུ་གོ་རིམ་ལྡན་པའི་ངང་སྤོས་ནས་བཀོད་སྒྲིག་འོས་འཚམ་བྱུང་ཡོད་པ་དང་། སོར་ལུས་ཡུལ་སྐོར་བ་555ཁ་འགྲེམས་གནས་སྤོ་ཐུབ་ཡོད།
ནུས་ཤུགས་ཡོད་རྒུས་འགན་འཁྲི་འཁུར་བ།
སྐྱིད་གྲོང་འགག་སྒོ་ནི་ད་ཐེངས་ཀྱི་གནོད་འཚེ་ཕོག་ཁུལ་གྱི་ལྟེ་བ་དེ་ཡིན་ལ་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་ཆ་ཡང་རེད། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དོ་དམ་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་པ་23མགྱོགས་མྱུར་བསྡུ་རུབ་བྱས་ནས་ཏང་ཡོན་གདོང་ལེན་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་རང་འགུལ་ངང་ཐོབ་ཐང་གསལ་སྟོན་དང་། མིག་དཔེ་འདོན་པ། གདོང་ལེན་པ་བཅས་བྱས་ནས། ཉིན་མཚན་དབྱེར་མེད་དུ་བཀའ་སྒུག་པ་དང་དུས་དང་རྣམ་པ་ཀུན་ཏུ་ཉེན་སེལ་བཀོད་གཏོང་གི་བཀའ་རྒྱ་དང་ལེན་ཞུས་ནས་མདུན་ཕྱོགས་ཉེན་སེལ་བཀོད་འདོམས་པུས་འབྲེལ་ཆད་མི་སྣའི་ཆ་འཕྲིན་ཞིབ་བཤེར་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་ཞུས་ཡོད། དངོས་ཟོག་བརྒྱུད་འདྲེན་གྱི་ལས་འགན་འབྱོར་རྗེས། ཚང་མས་འཕྲལ་མར་དངོས་ཟོག་འདོན་འཇུག་བྱ་ཡུལ་དུ་བསྐྱོད་དེ་ངར་ཤུགས་བསྒྲིམས་ནས་དངོས་ཟོག་དབོར་བ་དང་། ལུས་པོ་ཡོངས་རྫོགས་ཐལ་རྡུལ་གྱིས་ཁེངས་ཤིང་རྔུལ་ཆུས་བརླན་ཡང་ཕྱིར་བཤོལ་སྤུ་ཙམ་རྒྱག་མྱོང་མེད་ལ། རིམ་རྩིས་བརྒྱབ་ན་གེགས་སེལ་དངོས་ཟོག་སྣ་ཚོགས་སྒམ་600ལྷག་ཙམ་དབོར་ནས་གེགས་སེལ་དངོས་ཟོག་ནུས་ཆེའི་ངང་བརྒྱུད་འདྲེན་དང་མགྱོགས་མྱུར་བཀོད་སྒྲིག་ཐུབ་པའི་འགན་ལེན་བྱས་པ་རེད།
ཆུ་རུད་ཀྱི་གནོད་འཚེས་རྐྱེན་པས་ནེ་པ་ལ་ནས་ཡིན་པའི་མི་མང་པོ་ས་གནས་དེ་གར་ལུས་ཡོད། དོ་དམ་ཨུ་ལྷན་གྱིས་མགྱོགས་མྱུར་བཀོད་སྒྲིག་འགན་ལེན་གྱི་སྔོན་ཇུས་ལག་ལེན་བསྟར་བ་དང་། ཏང་ཡོན་ལས་བྱེད་པས་བཀའ་འབྱོར་མ་ཐག་འཐབ་ས་དང་པོར་བསྐྱོད་དེ་གནས་སྤོ་བཀོད་སྒྲིག་དང་ཞབས་ཞུ་ཏན་ཏིག་བསྒྲུབས་ནས། ནེ་པ་ལ་ནས་ཡིན་པའི་མང་ཚོགས་120ལྷག་ཙམ་ལ་རིམ་རྩིས་བརྒྱབ་ན་འཚོ་བའི་དངོས་ཟོག་སྣ་ཚོགས་2000ལྷག་ཙམ་སྔ་རྗེས་སུ་སྤྲད་པ་རེད།
ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཀྱི་དངོས་ཟོག་རང་སོར་ལུས་པ་དང་བརྒྱུད་འདྲེན་བགྲོད་ལམ་ཆད་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དོ་དམ་ཨུ་ལྷན་གྱིས་འཕྲལ་མར་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁེ་ལས་སུ་བསྐྱོད་དེ་ས་ཡུལ་དངོས་སུ་གནོད་འཚེ་ཕོག་པའི་གྱོང་གུན་ལ་ཞིབ་བཤེར་བྱས་པ་དང་། ཁེ་ལས་ཀྱི་རེ་ཞུ་ཉན་པ། ཁེ་ལས་དང་མཉམ་དུ་གེགས་འགོག་གི་ལས་ལ་གཞོལ་བ། ཕྱོགས་མང་པོ་ནས་བརྒྱུད་འདྲེན་གྱི་སྟོབས་ཤུགས་སྤྱི་འདོམས་བཀོད་སྒྲིག་བཅས་བྱས་ནས། རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་350བརྒྱུད་འདྲེན་བྱེད་པར་མཐུན་སྦྱོར་བྱས་ནས། གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་ཀྱིས་ཁེ་ལས་མགྱོཌ་མྱུར་ལས་འགོ་བསྐྱར་ཚུགས་ཐུབ་པར་རམ་འདེཌ་བྱས་ཡོད།
ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ལམ་216བརྒྱུད་ནས་སྐྱིད་གྲོང་འགག་སྒོར་སྐྱོད་སའི་སྐམ་ལམ་སྤྱིར་ན་མྱུར་བཟོ་ཐུབ་པ་དང་། རོགས་སྐྱོབ་མི་སྣ་དང་། དངོས་ཟོག འཚོལ་སྐྱོབ་སྒྲིག་ཆས་བཅས་སྐམ་ལམ་བརྒྱུད་ལྟེ་བའི་ཁུལ་དུ་འབྱོར་ཏེ་འཚོལ་སྐྱོབ་ལས་དོན་རྒྱུན་མཐུད་སྤེལ་བཞིན་ཡོད། སྐྱིད་གྲོང་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས། གནོད་འཚེ་ཐོན་སྐབས་ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་མང་ཚོགས་ཀྱི་བློས་འཁེལ་ཤོས་ཀྱི་རྟེན་ས་ཞིག་ཡིན་པར་སླར་ཡང་ར་སྤྲོད་ཁུངས་བཙན་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།