དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་འགྲེམས་ཚོགས་ཀྱིས་ས་མཐོའི་སྤུས་ལེགས་ཐོན་རྫས་བོད་ནས་ཕྱིར་གཏོང་བྱེད་སའི་གསེར་ཟམ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-08

    མིག་སྔར། ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དྲུག་པའི་ཐོན་ལས་འགྲེམས་སྟོན་དང་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“རིག་གནས་ཡུལ་སྐོར་གྱིས་དམངས་རྣམས་ཕྱུག ཐོན་ལས་ཀྱིས་བོད་ལྗོངས་དར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཐོན་ལས་འགྲེམས་སྟོན་བྱེད་སའི་འགྲེམས་ཁང་དང་པོ་དང་། ཐོན་རྫས་འགྲེམས་ཚོང་བྱེད་སའི་འགྲེམས་ཁང་གཉིས་པ་བཙུགས་ཏེ། འགྲེམས་ཁང་གཉིས་མཉམ་འགུལ་དང་འགྲེམས་ཚོང་མཉམ་སྤེལ་བྱས་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་འགྲེམས་སྟོན་དང་ཐོན་རྫས་འགྲེམས་ཚོང་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ལས་སྟེགས་བཏོད་ཡོད།

    འགྲེམས་ཁང་དང་པོའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འགྲེམས་ཁུལ་དུ་སྐྱོད་སྐབས་ནས་ཆག་གྲོ་ཆག་དང་། རྩམ་པ། ཚགས་ཤ རྒུན་ཆང་སོགས་ཁྱད་ལྡན་ཐོན་རྫས་རིམ་པ་ལྟར་བཤམས་ཡོད་པ་དང་། ནས་ཀྱི་ཐོན་ལས་དང་། འབྲི་གཡག་གི་ཐོན་ལས། དེ་བཞིན་བརྙན་ཤེལ་ཆེན་པོ་ནས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་དྲིལ་བསྒྲགས་པར་གཞི་རེས་མོས་སྟོན་བཞིན་ཡོད།

    འགྲེམས་ཁང་དང་པོའི་ཐོན་ལས་འགྲེམས་སྟོན་དང་མི་འདྲ་བར་འགྲེམས་ཁང་གཉིས་པར་ཐོན་རྫས་གཙོ་བོ་འགྲེམས་ཚོང་བྱེད་ཀྱི་ཡོད། དེ་གར་ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་བཙུགས་པ་མ་ཟད། ད་དུང་ལྗོངས་ཕྱིའི་སྤུས་ལེགས་ཐོན་རྫས་དང་ནང་འདྲེན་ཐོན་རྫས་འགྲེམས་ཚོང་ཁུལ་ཡང་བཙུགས་པས། སྣ་མང་མཉམ་འདྲེས་ཀྱི་འགྲེམས་ཚོང་རྣམ་པ་ཞིག་ཆགས་ཡོད།

    ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་དུ་ཚགས་ཤ་དང་། ནས་ཀྱི་ཐོན་རྫས། ཁུ་ལུའི་གྱོན་ཆས། མེ་ཏོག་རྫོང་གི་ཇ་དམར་སོགས་ཚོང་ཟོག་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ནས་ཡོང་བའི་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཁྱེར་ཡོང་བའི“ཡུལ་ཟོག”དེ་གར་འཛོམས་ཡོད། འགྲེམས་ཞུགས་ཚོང་པས་སེམས་རྩ་འཁོལ་པོས་འོས་སྦྱོར་བྱེད་པ་དང་གྲོང་མི་དང་ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་ངང་ཐོན་རྫས་ཉོ་བཞིན་ཡོད་པ་རེད།

    བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་སྟེགས་དེར་བརྟེན་ནས་གངས་ལྗོངས་ས་མཐོའི་སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་མགྱོགས་མྱུར་ས་མཐོ་ནས་ཐོན་ཏེ་རྒྱལ་ཡོངས་སུ་བཙོངས་པ་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་རྒྱུན་མཐུད་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།