དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉེན་ཁའི་ཁྲོད་དུ་ཕན་ཚུན་ལྟ་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-08

    སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེ་གློ་བུར་དུ་ཐོན་པ་དང་བསྟུན་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད། ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་འཐབ་ས་དང་པོར་བསྐྱོད་པ་དང་ཆབས་ཅིག སྐྱིད་གྲོང་གྲོང་རྡལ་གྱི་མང་ཚོགས་ཀྱང་རང་འགུལ་ངང་རོགས་སྐྱོབ་ནང་ཞུགས་པ་དང་། ཚོང་ཁང་མི་ཉུང་བ་ཞིག་གི་སྒོ་ཐོད་དུ་རོགས་སྐྱོབ་མི་སྣར་རིན་པ་མི་དགོས་པར་དངོས་ཟོག་མཁོ་འདོན་བྱེད་ཀྱི་ཡོད་ཅེས་འཁོད་པའི་ཡི་གེ་སྦྱར་ཡོད།

    འགྲོ་ལམ་གྱི་གཞོགས་གཉིས་སུ་དང་བླངས་པའི་གུར་དམར་པོ་མང་པོ་གྲལ་འགྲིག་པོས་བརྒྱབ་ཡོད་པ་དང་དམངས་ཕན་ཞབས་ཞུའི་ས་ཚིགས་སུ་མི་འདྲ་བ་གང་སར་མཐོང་རྒྱུ་ཡོད། ཙག་ཙིག་ཚོང་ཁང་དག་གནས་སྐབས་རིང་སེམས་དྲོད་ས་ཚིགས་སུ་གྱུར་ཏེ་ལ་ལས་ཆུ་ཁོལ་མཁོ་འདོན་བྱེད་པ་དང་། ལ་ལས་ཁ་པར་ལ་གློག་གསོག་པའི་ཞབས་འདེགས་ཞུ་བ་ལ་སོགས་མི་རིགས་ཁག་གི་མང་ཚོགས་རྣམས་རང་འགུལ་ངང་དེ་གར་འཛོམས་ནས་རང་ནུས་ལྕོགས་ཚོད་ཀྱིས་རོགས་སྐྱོབ་ལས་ལ་ཧུར་ཐག་ཞུགས་བཞིན་ཡོད།

    ལོ་28ལ་སླེབས་པའི་བདེ་སྐྱིད་གཡང་འཛོམས་ནི་སྐྱིད་གྲོང་ནས་ཡིན་པ་དང་། ཁོང་གིས་ཇ་ཁང་ཞིག་དང་གྱོན་ཆས་ཚོང་ཁང་ཞིག་བཙུགས་ཡོད། གནོད་འཚེ་ཐོན་སྐབས་ཁོང་གཞིས་རྩེར་ཡོད་པ་དང་། ཕ་ཡུལ་དུ་ཆུ་རུད་ཚབས་ཆེན་ཐོན་པ་ཤེས་པ་མ་ཟད་གཅེན་པོའི་བཟའ་ཟླར་འབྲེལ་བ་བྱེད་མི་ཐུབ་པ་ཐོས་འཕྲལ་སེམས་ཁྲལ་ཆེན་པོ་བྱུང་ནས་ལམ་སེང་སྐྱིད་གྲོང་གྲོང་རྡལ་དུ་ལོག

    གྲོང་རྡལ་དུ་འབྱོར་རྗེས་མཱ་དབྱི་ཧེ་ཡཱ་སོགས་ཀན་སུའུ་དང་མཚོ་སྔོན་ཚོང་ཚོགས་ཀྱི་ཧུད་རིགས་ཚོང་དུད་ཀྱིས་རང་འགུལ་ངང་བདེ་སྐྱིད་གཡང་འཛོམས་འཚོལ་བར་ཡོང་ནས་དང་བླངས་ཞབས་ཞུའི་ས་ཚིགས་ཤིག་འཛུགས་རྒྱུའི་སྐོར་ལ་གྲོས་བསྡུར་བྱས།

    དེ་ལྟར་ཀན་སུའུ་དང་མཚོ་སྔོན་ཚོང་ཚོགས་ཀྱིས་སྣེ་ཁྲིད་དེ་དང་བླངས་པའི་མཉམ་སྡེབ་ཞབས་ཞུའི་ས་ཚིགས་ཤིག་བཙུགས་པ་དང་། དེར་ཚོང་ཚོགས་ཀྱིས་གྲ་སྒྲིག་བྱས་པའི་དངོས་ཟོག་སྣ་ཚོགས་བཞག་པ་མ་ཟད། ཧུད་རིགས་ཀྱི་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ནས་ལས་ཀ་བྱེད་མཁན་སྡོད་བྱའང་བཟོས། ཞབས་ཞུའི་ས་ཚིགས་ཀྱིས་ཆུ་ཚོད་24ཡི་རིང་སྤྱི་བདེ་དང་མེ་ཟོན་སོགས་འཐབ་ས་དང་པོའི་ལས་དོན་པར་ཆུ་ཁོལ་མཁོ་འདོན་དང་ཁ་པར་ལ་གློག་གསོག་པའི་ཞབས་འདེགས་ཞུ་ཡི་ཡོད།

    གྲོང་རྡལ་གྱི་གཅེས་སེམས་མཚོན་པའི་བྱ་སྤྱོད་དེ་ཀྱག་ཀྱོག་གི་རི་ལམ་བརྒྱུད་ས་ཕྱོགས་གང་སར་ཁྱབ།

    “ཞོག་ཁོག་ལེན་པར་ཤོག”ཅེས་པའི་བབ་ཆགས་པའི་འབོད་བརྡ་ཞིག་གྱེས་ཕུག་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་གྲགས། སྐྱིད་གྲོང་གྲོང་རྡལ་ཅང་གྲོང་ཚོ་གསར་པའི་ཡུལ་མི་མཚམས་གཅོད་དང་གྲོང་ཚོ་གཅིག་པའི་ཨ་ཅག་ཁ་ཤས་ཀྱིས་འཁོར་གསུམ་སྦག་སྦག་གཉིས་བཏང་ནས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་ཞོག་ཁོག་བཙོས་མ་སྐྱེལ་བར་འོང་།

    མཚམས་གཅོད་ཀྱིས། བཀོད་སྒྲིག་བྱ་ཡུལ་དུ་མང་ཚོགས་མང་པོ་བཀོད་སྒྲིག་བྱས་པ་ཤེས་རྗེས་ངས་གྲོགས་མོ་ཚོ་དང་མཉམ་དུ་རང་ཁྱིམ་གྱིས་བཏབ་པའི་ཞོག་ཁོག་དང་སྦྱོར་རྟ་བྱས་པའི་སུར་པན་དམར་འདུར་སྐྱེལ་བར་ཡོང་བ་ཡིན། འདི་ནི་ངེད་གྲོང་ཚོའི་ཡུལ་མི་ཚོའི་སེམས་པའི་མཚོན་བྱེད་ཙམ་ཡིན། ཅང་གྲོང་ཚོ་གསར་པ་དང་གྱེས་ཕུག་གྲོང་ཚོའི་དབར་བར་ཐག་སྤྱི་ལེ་ཁ་ཤས་ཆོད་ཡོད་ལ་རི་ལམ་ཀྱག་ཀྱོག་བརྒྱུད་དགོས་མོད། འོན་ཀྱང་ཁྱིམ་མཚེས་དབར་ཕན་ཚུན་ལྟ་སྐྱོང་བྱེད་པའི་སེམས་པ་ནམ་ཡང་འགོག་མི་ཐུབ་ཅེས་གསར་འགོད་པར་བརྗོད།

    ཅང་གྲོང་ཚོ་གསར་པའི་ཡུལ་མི་ཚོས་བསྐྱལ་བའི་ཞོག་ཁོག་དང་སུར་པན་དམར་འདུར་གྱིས་བཀོད་སྒྲིག་བྱ་ཡུལ་གྱི་འཚོ་བར་བརྗོད་ལས་འདས་པའི་དྲོ་སྐྱིད་སྦྱིན་ཡོད། དེ་དང་འདྲ་བར་གྲོང་ཚོའི་ནང་ཡུལ་དེ་གའི་བུད་མེད་ཚོས་རང་འགུལ་ངང་སྒྲིག་འཛུགས་བྱས་པའི་འགན་ལེན་ཞབས་ཞུའི་ལས་དོན་ཡང་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    བསོད་ནམས་སྒྲོལ་མ་ནི་གྱེས་ཕུག་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡིན་ཞིང་། ཁོང་ད་ལོ་ལོ་53ལ་སླེབས་པ་དང་དེ་གར་ལས་ཀ་བྱས་ནས་ལོ་20འགྲོ་ཡི་ཡོད། ཁོང་ནི་མང་ཚོགས་ཀྱིས་འདེམས་ཤོག་འཕངས་ནས་བསྟུད་མར་ཐེངས་5བདམས་ཐོན་བྱུང་བའི་ལས་བྱེད་པ་ཞིག་རེད་ལ། ས་སྐྱེས་རྡོ་སྐྱེས་ཀྱི་ས་ལེ་ཤང་གི་མི་ཞིག་ཡིན་པས་ཡུལ་མི་ཚོ་དང་ཧ་ཅང་འདྲིས་པོ་ཡོད།

    གནོད་འཚེ་ཐོན་རྗེས་ཤང་གི་མང་ཚོགས་ཀྱི་བདེ་སྡུག་ལ་ཁོང་སེམས་ཁྲལ་ཆེན་པོ་བྱུང་ནས་ལམ་སེང་ཕྱོགས་མང་པོ་དང་འབྲེལ་གཏུག་བྱས། ཁོང་གིས་གྲོས་འགོ་བཏོན་པ་བརྒྱུད། བུད་མེད་18མགྱོགས་མྱུར་དེ་གར་འཛོམས་ནས་ཟས་རིགས་ཚང་མ་གྲ་སྒྲིག་ཨང་བསར་བྱས་ཤིང་། ཚང་མས་ལས་བགོས་མཉམ་སྒྲུབ་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་དུ་གཙང་སྦྲ་བྱེད་པ་དང་ཉིན་རེའི་ལྟོ་དུས་གསུམ་འགན་གཙང་བླངས་པ་མ་ཟད། ད་དུང་གློག་སྒུལ་སྦག་སྦག་བཞོན་ནས་ཁ་ལག་སྐྱེལ་བར་འགྲོ་ཡི་ཡོད།

    འཚོ་བར་འགན་ལེན་ཡག་པོ་བྱེད་པ་ཕུད་ཁོང་ཚོས་ད་དུང་མང་ཚོགས་ལ་སེམས་གསོ་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། ཁོང་ཚོས་རྒན་རྒོན་ཚོ་ལྟ་རྟོག་བྱེད་ས་གཙོ་བོར་བརྩིས་ནས་དུད་ཚང་མི་རེ་ངོ་རེའི་རྒན་རྒོན་ལ་རྩམ་པ་དང་ཇ་བསྲུབས་མ་སྐྱེལ་བ་མ་ཟད། ད་དུང་སེམས་རྩ་འཁོལ་པོས་སེམས་ཁུར་བྱེད་པ་དང་སེམས་གསོ་གཏོང་གི་ཡོད།

    རང་བྱུང་གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་བརྩེ་བས་ཁེངས། ཁྲོམ་གཞུང་གི་གཅེས་སེམས་མཚོན་པའི་སྦྱར་ཡིག་ནས་ཉིན་མཚན་མེད་པར་སྡོད་བྱ་ཡོད་པའི་དང་བླངས་ས་ཚིགས་ཀྱི་བར་དང་། གྲོང་ཚོ་གཞན་ནས་བསྐྱལ་ཡོང་བའི་ཞོག་ཁོག་དང་སུར་པན་དམར་འདུར་ནས་བཀོད་སྒྲིག་བྱ་ཡུལ་དུ་ཕན་ཚུན་རོགས་སྐྱོར་བྱེད་པའི་བར། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་གཞན་དབྱེ་བ་མེད་པར་བྱ་བ་ཆུང་ཙག་ལས་མེད་ཀྱང་ལེགས་པར་བསྒྲུབས་ནས་ཕན་ཚུན་དྲོ་སྐྱིད་སྦྱིན་རེས་བྱེད་བཞིན་ཡོད། མངོན་ཆུང་བའི་ལས་སྒྲུབ་མི་སྣ་དེ་དག་ནི་སྐྱིད་གྲོང་ལུང་གཞུང་གི་མི་སེམས་འགུལ་ཤོས་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།