མཐའ་མཚམས་འགག་སྒོའི་རི་ཀླུང་དང་འཚོ་བ་སྔར་རྒྱུན་ལྟར་ཡོང་བའི་རེ་སྒུག་བྱེད།
ཟླ་9ཚེས་4ཉིན། སྐྱིད་གྲོང་གྲོང་རྡལ་དུ་སླར་ཡང་ཆར་པ་བབས་སོང་།
ང་དང་ལས་རོགས་ལྷག་པ་སྒྲོལ་མས་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་ཉིང་ལག་རུ་ཁག་གི་རྫི་ཁྱི“ཨེར་ལའང་ཧྲེན”གྱི་བཀོད་གཏོང་པར་བཅར་འདྲི་ཞུས་རྗེས་གྲོང་རྡལ་དུ་ལོག་པ་ཡིན། ལམ་བར་དུ་མཁའ་དབྱིངས་བོད་ལྗོངས་ཀྱི་གཙོ་དོན་སྦྲག་ཁང(སྐྱིད་གྲོང་ཚོང་ཁང)བརྒྱུད་ནས་སྐྱོད་སྐབས། ང་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང་གོམ་པ་སྤོ་མཚམས་བཞག
སྦྲག་སྲིད་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར། ཉིན་ཤས་བསྟུད་མར། ཡིག་སྐོགས་མེད་པའི་འཕྲིན་ཡིག་སྐུར་མཁན་མང་ཆེ་བ་ནི་སྐྱིད་གྲོང་གི་ཆུ་རུད་ཀྱི་གེགས་སེལ་འཐབ་ས་དང་པོར་སྐྱོད་མཁན་ལས་དོན་པ་ཚོ་རེད་འདུག ཡི་གེ་སྐུར་མཁན་འགའ་རེས་ཐག་རིང་གི་ཕ་མ་དང་། བཟའ་ཟླ། ཕྲུ་གུ་བཅས་ལ་སྐུར་གྱི་ཡོད་པ་དང་། ལ་ལས་སྐྱིད་གྲོང་གི་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྐུར་གྱི་འདུག ཡང་འགའ་ཞིག་གིས་ཁུ་སིམ་མེར་གནས་པའི་གནོད་འཚེ་ཕོག་པའི་མཐའ་མཚམས་གྲོང་རྡལ་ཆུང་ངུ་འདིར་སྐུར་གྱི་འདུག
ངས་ཡིག་སྐོགས་མེད་པའི་འཕྲིན་ཡིག་ཅིག་ལ་ལྟ་དུས། མདུན་ཤོག་ནི་སྐྱིད་གྲོང་འགག་སྒོ་ཡིན་པ་དང་། རྒྱབ་ཏུ་རོགས་སྐྱོབ་མི་སྣ་ཞིག་གིས་ལེའོ་ཉིང་ཧྲེན་དབྱང་གི་གྲོགས་པོར“མཐའ་མཚམས་འགག་སྒོའི་རི་ཀླུང་དང་འཚོ་བ་སྔར་རྒྱུན་ལྟར་ཡོང་བའི་རེ་སྒུག་བྱེད”ཅེས་བྲིས་འདུག སྣག་ཚ་སྐམ་མེད་པར་བལྟས་ན་ཕལ་ཆེར་བྲིས་ཚར་མ་ཐག་ཡིན་པ་འདྲ། ཡང་ངས་ཡི་གེ་གཞན་ཞིག་ལ་ལྟ་སྐབས། འདི་ནི་ཧོ་ནན་ཀྲེང་ཀྲོའུ་ཡི་གྲོགས་པོ་ཞིག་ལ་བྲིས་པ་སྟེ། “ ཧི་མ་ལ་ཡའི་ལུང་ཤུར་དུ་ལོ་ཟླའི་རྗེས་ཤུལ་དང་གནོད་འཚེའི་དཀའ་སྡུག་ལུས”ཞེས་པའི་ཡི་གེ་ཚིག་གཅིག་ལས་བྲིས་མེད་མོད། འོན་ཀྱང་འདི་གའི་གནོད་འཚེ་དང་སླར་གསོའི་འདུན་པ་སོགས་ནང་དོན་མང་པོ་ཞིག་ཡིག་འབྲུ་དེ་དག་ནང་དུ་འདུས་ཡོད་པར་སྣང་།
ཡིག་སྐོགས་མེད་པའི་འཕྲིན་ཡིག་འདི་དག་གི་ཁྲོད་ནས། ཡིག་གཟུགས་ཁྱག་ཁྱོག་དང་འབྲི་སུབ་གཏོང་ཤུལ་ཡོད་པའི་འཕྲིན་ཡིག་ཅིག་ལ་ང་རང་དོ་སྣང་བྱུང་། དེ་ཡང་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་སྐྱིད་གྲོང་གྲོང་རྡལ་གྱི་སློབ་ཆུང་སློབ་མས་སྐྱིད་གྲོང་འགག་སྒོར་བྲིས་པ་ཞིག་ཡིན་པ་དང་། ཡི་གེ་བསྐུར་ཡུལ་བྲིས་མེད་པ་དང་། ནང་དོན་ནི་ཕྲུ་གུ་ཚོས་འགག་སྒོར་སྨོན་ལམ་འདེབས་པ་དང་རེ་སྒུག་བྱེད་ལུགས་འཁོད་འདུག
ཆར་པ་ད་དུང་འབབ་མཚམས་ཆད་མི་འདུག སྐྱིད་གྲོང་གྲོང་རྡལ་གྱི་ཁྲོམ་གཞུང་དུ་མི་འགའ་ཤས་སྒོ་འགྲམ་དུ་ལངས་ནས་རྒྱང་ལྟ་བྱེད་པ་དང་རླངས་འཁོར་ཡང་དལ་གྱིས་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས། རི་ཀླུང་གིས་སེམས་ཀྱི་རྨ་ཁ་གསོས་ཐུབ་ངེས་རེད་ལ། མཐའ་མཚམས་ཀྱི་གློག་སྒྲོན་ཡང་སྔོན་ཆད་དང་འདྲ་བར་སླར་ཡང་གསལ་ལྷམ་མེར་གྱུར་ངེས་རེད།
འབྲེལ་ཡོད་གསར་འགྱུར།