དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་གི་ལག་བསྟར་ཇུས་གཞི་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-07

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་ཐཱན་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་དང་། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ། བཟོ་ལས་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་བཟོ་འཕྲིན་ཐིང་གིས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་གཞུང་རྒྱུ་ཨུ་ལྷན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ནུས་རྒྱུ་ཅུས་བཅས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཀྲམ་ནས་ལས་རིགས་དང་དུས་མཚམས་དབྱེ་ནས་རིམ་པ་བཞིན་ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་བྱས་ཏེ། 2030ལོར་ཐཱན་མེད་བཟོ་གྲྭའི་འཛུགས་སྐྲུན་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་མ་ཟད། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་སུ་ཐཱན་མེད་པའི་ཕྱོགས་སུ་བསྒྱུར་བའི་ཕནའབྲས་མངོན་གསལ་དོད་པོ་ཐོན་པར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད།

    ཇུས་གཞིའི་བཀོད་སྒྲིག་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཐཱན་མེད་ཕྱོགས་སྒྱུར་ལས་དོན་དེ་དུས་མཚམས་གསུམ་ལ་དབྱེ་ནས་སྐུལ་འདེད་བརྟན་པོ་གཏོང་རྒྱུ་ཡིན་པ་སྟེ། 2026ལོ་ནས་ལིས་གློག་རྫས་དང་། འོད་ཤུགས། གློག་རྡུལ་གློག་ཆས། ཡང་བའི་བཟོ་ལས། འཕྲུལ་ཆས། རྩིས་ནུས་སྒྲིག་བཀོད་སོགས་ལས་རིགས་ཀྱི་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་རྒྱུ་དང་། 2028ལོ་ནས་བཟུང་ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་རྒྱུ་དེ་ངར་ལྕགས་དང་། མདོག་ལྡན་ལྕགས་རིགས། རྡོ་སྣུམ་རྫས་འགྱུར་བཟོ་ལས། ཨར་ལས་རྒྱུ་ཆ། འཁེལ་འཐག་སོགས་ལས་རིགས་ཀྱི་ཁྱབ་ཁོངས་སུ་རིམ་བཞིན་རྒྱ་སྐྱེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ལས་རིགས་ཚང་མར་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་བྱེད་སྟངས་ཁྱབ་གདལ་གཏོང་རྒྱུ་རེད། 2030ལོར་སླེབས་སྐབས་ཐཱན་མེད་བཟོ་གྲྭའི་འཛུགས་སྐྲུན་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྐྱེད་སྲིང་ཚད་གཞི་དང་། ལག་རྩལ་འདེགས་སྐྱོར། དོ་དམ་བྱེད་སྟངས། ཚོང་ལས་རྣམ་པ་བཅས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་མེད་ཕྱོགས་སྒྱུར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱེད་རྒྱུ་རེད།

    ཚན་རིག་དང་མཐུན་པའི་སྒོ་ནས་ཐཱན་རྩིས་རྒྱག་པ་དང་། འབྱུང་རྩ་ནས་ཐཱན་ཉུང་དུ་གཏོང་བ། བརྒྱུད་རིམ་ཁྲོད་ནས་ཐཱན་སྤྱོད་ཉུང་དུ་གཏོང་བ། རིག་ནུས་ལ་བརྟེན་ནས་ཐཱན་ལ་ཚོད་འཛིན་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དམིགས་ནས་ཇུས་གཞིའི་ནང་གཙོ་གནད་འཛུགས་སྐྲུན་ལས་འགན་ཆེན་པོ་བདུན་བཀོད་སྒྲིག་བྱས་ཡོད། ཐཱན་ཕྱིར་འབུད་ཀྱི་ཞིབ་རྩིས་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ནུས་རྒྱུ་ཚད་འཇལ་ཡོ་བྱད་འདང་ངེས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་ཆེད་གཉེར་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་དོ་དམ་སྒྲིག་གཞི་བཙུགས་ཏེ། ཐཱན་ཕྱིར་འབུད་ཀྱི་གཞི་གྲངས་བདེན་པ་བདེན་ཐུབ་དང་ཁུངས་འདེད་ཐུབ་པར་འགན་ལེན་བྱེད་རྒྱུ་རེད།

    ཁེ་ལས་ཀྱིས་ཐཱན་འཛིན་བསྡུ་དང་། བེད་སྤྱོད། སྡོམ་ཉར་བཅས་ཀྱི་ལག་རྩལ་ཞིབ་སྤེལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་དང་ནུས་རྒྱུ་འཁོར་རྒྱུག་མཐུན་སྦྱོར་ངང་ཕན་ནུས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཐོན་རྫས་ཀྱི་ཐཱན་རྗེས་ཤུལ་ལ་དབྱེ་ཞིབ་དང་དུས་འཁོར་ཧྲིལ་པོའི་ཐཱན་ཕྱིར་འབུད་ཀྱི་ལྷུ་ཚིགས་ལ་དབྱེ་འབྱེད་བྱས་ཏེ་ཐོན་རྫས་ཇུས་འགོད་དང་ཐོན་སྐྱེད་བཟོ་རྩལ་ལེགས་སུ་རྒྱུན་མཐུད་གཏོང་དགོས། ཐཱན་མེད་ཀྱི་མཁོ་སྤྲོད་འཁོར་འབྲེལ་གྱི་དོ་དམ་ཁྱབ་གདལ་གཏོང་བ་དང་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་མཐུན་སྦྱོར་གྱིས་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ལས་དོན་སྤེལ་བར་སྐུལ་ཁྲིད་བྱས་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲངས་གཞི་ཅན་གྱི་ནུས་རྒྱུ་ཟད་གྲོན་དང་ཐཱན་ཕྱིར་འབུད་ཀྱི་དོ་དམ་ལས་སྟེགས་སྐྲུན་པ། བཟོ་གྲྭ་ཡོངས་ཀྱི་ནུས་རྒྱུ་ཟད་གྲོན་དང་ཐཱན་ཕྱིར་འབུད་ཀྱི་གཞི་གྲངས་ཀྱི“པར་རིས་གཅིག”བཟོ་བ། མི་ཐབས་རིག་ནུས་དང་གཞི་གྲངས་ཆེ་མོ་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་སྤྱོད་པ། མ་ལག་གི་གྲངས་གཞིའི་བཀག་རྒྱ་སེལ་བ་བཅས་བྱས་ནས་ལས་སྒོ་དང་། ནོར་དོན། ནུས་རྒྱུ། ཐཱན་ཕྱིར་འབུད་བཅས་ཀྱི་གཞི་གྲངས་ཕན་ཚུན་སྦྲེལ་མཐུད་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།