དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཅིབ་ཀྱི་ཐའེ་ཏཱ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱིས་ཁེ་ལས་200ལྷག་ཙམ་དེ་གར་བཅའ་སྡོད་བྱ་རྒྱུའི་ཡིད་དབང་བཀུག་པ།

    “ཐང་རྒོད་དུ་ཐོན་ལས་གྲོང་གསར་བསྐྲུན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཤའོ། ཏའེ་ཁའེ་རན།   |     སྤེལ་དུས།  2026-09-07

     འདི་ནི་ཤིན་ཤིང་ལྕགས་མདོང(ཨེ་ཅིབ)མ་རྐང་ཚད་ཡོད་ཀུང་སིའི་ལག་རྩལ་མི་སྣས་བཅར་འདྲིར་ཡོང་བའི་ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པར་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

     འདི་ནི་ཅུས་ཧྲི་ཨེ་ཅིབ་ཤེལ་གྱི་ཚི་སྣ་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནང་ས་གནས་དེ་གའི་ལས་མིས་ལས་ཀ་བྱེད་བཞིན་པ།

     འདི་ནི་ཨེ་ཅིབ་ཧྥན་དབྱང་འཁལ་འཐག་པར་འདེབས་ཚོས་རྒྱག་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་ཨེ་ཅིབ་ཀྱི་ལས་མིས་ལས་ཀ་བྱེད་བཞིན་པ།

    ཟླ་8ཚེས་25ཉིན། ཀྲུང་གོ་དང་ཨེ་ཅིབ་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་མཚོ་དམར་ངོགས་སུ་གནས་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཐའེ་ཏཱ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ(གཤམ་དུ“མཉམ་ལས་ཁུལ”ཞེས་བསྡུ་རྒྱུ)དུ་བསྐྱོད་པ་རེད།

    དེང་རབས་ཅན་གྱི་བཟོ་ལས་གླིང་ཁུལ་དེར་གྲལ་སྟར་འགྲིག་པའི་བཟོ་ཁང་དང་མཛོད་ཁང་འདུག་ལ་འཚོ་བའི་ཁུལ་གྱི་སྒྲིག་བཀོད་ཀྱང་ཆ་ཚང་པོ་འདུག “མཉམ་ལས་ཁུལ་འཛུགས་སྐྲུན་མ་བྱས་གོང་འདི་གར་བྱེ་ཐང་མ་གཏོགས་གང་ཡང་མེད། ད་ཆ་འགྱུར་ལྡོག་ཆེན་པོ་ཕྱིན་འདུག”ཅེས་ཨེ་ཅིབ་ཀྱི“རྒྱལ་ཁབ་བྲག་ཆ་དྲ་བའི”གསར་འགོད་པ་ཨ་སྨི་ནཱ་ཡིས་དེ་ལྟར་བཤད།

    “ཐང་རྒོད་ནས་ཐོན་ལས་གཅིག་སྡུད་ཁུལ་དང་མཉམ་ལས་ཁུལ་དུ་འཕེལ་རྒྱས་ཕྱིན་པ་དེ་ནི་ཀྲུང་ཨེའི་ཐོན་ནུས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། 2008ལོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། 2016ལོའི་ཟླ་དང་པོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་རྣམ་གཉིས་ཀྱིས་མཉམ་ལས་ཁུལ་གྱི་དུས་ཐེངས་གཉིས་པའི་སྒོ་བྱང་བཀལ་གནང་བ་རེད། ད་ཆ་ས་ཆ་དེ་ཁེ་ལས་གཅིག་སྡུད་དང་ཐོན་ལས་གཅིག་སྡུད་ཀྱི་དེང་རབས་ཅན་གྱི་གླིང་ཁུལ་ཞིག་ཏུ་གྱུར་ཡོད། ཨེ་ཅིབ་ཐའེ་ཏཱ་དམིགས་བསལ་ཁུལ་གསར་སྤེལ་ཀུང་སིའི་ལག་བསྟར་ཏུང་ཧྲི་ཚའོ་ཧུའེ་ཡིས་ངོ་སྤྲོད་བྱས་པར། 2026ལོའི་ཟླ་6པའི་ཟླ་མཇུག་བར། མཉམ་ལས་ཁུལ་གྱིས་ཁེ་ལས་200ལྷག་ཙམ་ཁུལ་དེར་བཅའ་སྡོད་བྱ་རྒྱུའི་ཡིད་དབང་བཀུག་པ་དང་། རིམ་རྩིས་བརྒྱབ་ན་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་47ལས་བརྒལ་བ་དང་ཕྱིར་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་73ལས་བརྒལ་ནས། ལས་ཞུགས་ལས་གནས་ཁྲི་1ལྷག་ཙམ་བཏོད་ཡོད།

    ཅུས་ཧྲི་ཨེ་ཅིབ་ཤེལ་གྱི་ཚི་སྣ་མ་རྐང་ཚད་ཡོད་ཀུང་སིའི(གཤམ་དུ“ཅུས་ཧྲི་ཨེ་ཅིབ”ཅེས་བསྡུ་རྒྱུ)ཐོན་སྐྱེད་འཁོར་ཁང་དུ་ལས་མིས་བྱང་ཆུབ་པོས་དྲ་སྐུད་འཕྲུལ་འཁོར་བེད་སྤྱོད་བཏང་ནས་ཤེལ་གྱི་ཚི་སྣ་རེ་རེ་གྲལ་འགྲིག་པོས་གྲུ་གུ་བཟོ་བཞིན་ཡོད། 2012ལོར་མཉམ་ལས་ཁུལ་དུ་གཞིས་ཆགས་པ་ནས་བཟུང་། ཅུས་ཧྲི་ཨེ་ཅིབ་ཀྱིས་ཨེ་ཅིབ་ཀྱི་ཤེལ་གྱི་ཚི་སྣའི་ལས་རིགས་མེད་པ་ནས་ཡོད་པར་སྐུལ་འདེད་བཏང་ཡོད། མིག་སྔར་ཀུང་སི་དེ་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་ཤེལ་གྱི་ཚི་སྣ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད་ལ། ཨེ་ཅིབ་ཀྱང་འཛམ་གླིང་གི་ཤེལ་གྱི་ཚི་སྣ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་གྲས་ཨང་བཞི་པར་གྱུར་ཡོད།

    “དེ་སྔ་ཨེ་ཅིབ་ལ་ཐོན་ལས་དེ་འདྲ་མེད། ད་ཆ་ཡོད་པ་མ་ཟད། ཨ་ཧྥེ་རི་ཁ་ཡི་ལག་རྩལ་རྩེར་སོན་གྱི་རྒྱལ་ཁབ་ཏུ་གྱུར་ཡོད” སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་སློབ་ཆེན་ཚོང་དོན་སློབ་གླིང་གི་ཡོན་ཀྲང་མོ་ཧན་མོ་ཏེ·པཱ་ཨ་ཡིས་ཐོན་སྐྱེད་བརྒྱུད་རིམ་ལ་ལྟ་ཞིབ་ནན་ཏན་བྱེད་ཞོར་དུ་ལག་ཐོགས་ཁ་པར་ནང་ཟིན་ཐོ་བཀོད། ཁོང་གི་ངོས་ནས་བརྗོད་ན། ཅུས་ཧྲི་ཨེ་ཅིབ་ཀྱིས་ཐོན་སྐྱེད་རྟེན་གཞི་གསར་པ་ཞིག་བཏོད་པ་ཙམ་མ་ཟད། “རྣམ་གྲངས་དེས་ཨེ་ཀྲུང་གི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་སྤེལ་ཐེབས་ནས་ཨེ་ཅིབ་ཀྱི་ཤེལ་གྱི་ཚི་སྣའི་ལས་རིགས་ཀྱི་སྟོང་ཆ་བསྐངས་ཡོད”

    ཨེ་ཅིབ་ཧྥན་དབྱང་འཁལ་འཐག་པར་འདེབས་ཚོས་རྒྱག་ཚད་ཡོད་ཀུང་སིའི་འཚེམ་དྲུབ་འཁོར་ཁང་དུ་ཨེ་ཅིབ་ཀྱི་ལས་མིས་སྒྲིག་ཆས་བཀོལ་སྤྱོད་ཞིབ་ཚགས་བྱས་པ་དང་འབྲེལ་ཁག་ཐེངས་བགོས་ནས་ཚད་ལྡན་ཐོན་རྫས་ཀྱི་མ་དཔེ་དང་བསྡུར་བ་བྱས་ཏེ། ཚོང་ཤག་གི་མངགས་ཐོའི་དགོས་མཁོ་དང་རྦད་དེ་མཐུན་པའི་འགན་ལེན་བྱེད་བཞིན་ཡོད། ཀུང་སིའི་འགན་འཁུར་བ་ཨན་ཀྲེང་ཧྲོང་གིས་ལྟ་སྐོར་བྱེད་མཁན་ཀྲུང་ཨེའི་གསར་འགོད་པར“ང་ཚོས་ཐོན་སྐྱེད་བྱས་པའི་མལ་ཆས་ཨ་ཧྥེ་རི་ཁ་བྱང་མའི་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ནས་མངགས་ཐོ་ཟམ་མི་ཆད་པ་རག་གི་འདུག”ཅེས་བརྗོད།

    མཉམ་འབྲེལ་བཅར་འདྲིའི་ནང་ཞུགས་མཁན་ཨེ་ཅིབ་ཀྱི་རང་སྨྱན་སྦྱོར་གྱི་དཔོད་བདག་ཨ་མར·ཨེར་ཧོ་མོ་སཱ་ཉི་ཡིས། “ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་རྗེས་ངས་ཨེ་ཀྲུང་མཉམ་ལས་ལ་ངོས་འཛིན་དེ་བས་ཟབ་མོ་བྱུང་། ངས་རང་ཉིད་ཀྱི་པར་ཆས་བརྒྱུད་མཉམ་ལས་ཁུལ་ནས་མཐོང་བའི་གཏམ་རྒྱུད་མི་དེ་བས་མང་བར་མཉམ་སྤྱོད་དང་མི་དེ་བས་མང་བས‘ཐང་རྒོད་དུ་ཐོན་ལས་ཀྱི་གྲོང་གསར་བསྐྲུན་པའི’གཏམ་རྒྱུད་མཐོང་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།