མཉམ་ལས་ཀྱི་ལེའུ་གསར་མཉམ་དུ་རྩོམ། འཕེལ་རྒྱས་དར་རྒྱས་ལ་མཉམ་དུ་སྐུལ།
ཟླ་8ཚེས་30ཉིན་ནས་ཟླ་9ཚེས་3ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རྒྱུ་མ་ཟད། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱི་གདན་ཞུས་ལྟར་རྒྱལ་ཁབ་གཉིས་པོར་རྒྱལ་དོན་འཚམས་འདྲི་ཡང་གནང་རྒྱུ་རེད། གཙོ་བདག་དབར་གྱི་ཕྱི་འབྲེལ་བྱ་སྤྱོད་གལ་ཆེན་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ལ་ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གཅིག་ཏུ་སྒྲིལ་བ་དང་། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་མཉམ་ཤུགས་དང་མཉམ་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དེ་བས་མང་བར་བརྟེན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་རེད།
ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། ལོ་25ཡི་རིང་། ཁོངས་མིའི་རྒྱལ་ཁབ་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”མཐའ་འཁྱོངས་དང་། མཐུན་སྒྲིལ་རོགས་ལས་མཐའ་འཁྱོངས། ཕྱོགས་ཡོངས་ནས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཉིད་འཛམ་གླིང་ཐོག་ཁྱབ་ཁོངས་ཆེ་ཤོས་དང་། མི་འབོར་མང་ཤོས། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ས་ཁོངས་མཉམ་ལས་ཀྱི་འགྲོ་ལམ་གསར་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་ཐུབ་པ་དང་རྒྱལ་སྤྱིའི་འབྲེལ་བ་གསར་པའི་མིག་དཔེ་ཞིག་བཏོད་ཡོད། ན་ནིང་ཐེན་ཅིན་དབུ་ཚོགས་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་ལོ་10ཡི་འཕེལ་རྒྱས་ལ་འཐབ་ཇུས་བཀོད་དེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་འགོ་བཙུགས་ཡོད། ད་ལོའི་པི་སི་ཁེག་དབུ་ཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་དུས་བབ་གསར་པའི་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་དང་དེ་བཞིན་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས། ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས་ཏེ། ས་ཁུལ་དང་རྒྱལ་ཁབ་ཁག་གི་བདེ་འཇགས་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།
ཀྲུང་གོ་དང་ཁེར་གྷི་སི་ཐན་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་ཡག་པོ་དང་། ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་ཡག་པོ། བློ་སེམས་གཅིག་མཐུན་གྱི་རོགས་ཟླ་ཡག་པོ་བཅས་རེད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་མཇལ་འཛོམས་ཐེངས་གསུམ་གནང་ནས་ཀྲུང་ཁེར་གྱི་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི“དུས་སྐབས་ཡག་ཤོས”སུ་སླེབས་པར་སྣེ་འདྲེན་གནང་ཡོད། ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་7སོང་རྗེས་ཁེར་གྷི་སི་ཐན་ལ་སླར་ཡང་རྒྱལ་དོན་འཚམས་འདྲི་གནང་བ་ཞིག་རེད། འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་གྲོས་མོལ་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་བཅས་ཀྱི་སྐོར་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བཞིན་ཡོད་པ་མ་ཟད། རྒྱལ་དོན་བྱེད་སྒོ་ཁག་ལའང་ཞུགས་རྒྱུ་རེད། མིག་སྔར། ཀྲུང་གོས“ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་བྱེད་བཞིན་ཡོད་པ་དང་། ཁེར་གྷི་སི་ཐན་གྱིས“2030ལོ་གོང་གི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩ་གནད”ལག་ལེན་ཧུར་ཐག་བསྟར་བཞིན་ཡོད། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་བརྒྱུད་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཀྲུང་ཁེར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད།
ཀྲུང་ཁེར་དང་ཀྲུང་ཨེའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་དེ་བས་མང་བ་བསྣན་ཐུབ། ད་ཐེངས་ཀྱི་གཙོ་བདག་དབར་གྱི་ཕྱི་འབྲེལ་བྱ་སྤྱོད་གལ་ཆེན་གྱིས་ཞི་བདེར་ཇུས་འདོན་དང་། འཕེལ་རྒྱས་དོན་གཉེར། མཉམ་ལས་ལ་སྐུལ་འདེད། དྲང་བདེན་དར་སྤེལ་བཅས་ཀྱི་ཐུན་མོང་ངོས་འཛིན་དེ་བས་མང་བ་གཅིག་ཏུ་བསྒྲིལ་ནས་ཡོ་ལང་དང་འཕོ་འགྱུར་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།