དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཐབ་ས་དང་པོའི་སེམས་ཁམས་རོགས་སྐྱོབ་སྨན་བཅོས་རུ་ཁག་གིས་བརྗོད་དོན།

    “ཚང་མའི་སྐྱོ་སྣང་གི་སེམས་ཁམས་སྔ་ཙམ་གསོ་ཐུབ་པ་བྱེད་ཀྱི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤན་ཀན།   |     སྤེལ་དུས།  2026-09-07

    “དབུགས་སྐར་ཆ་4བརྔུབས་རྗེས་སྐར་ཆ་6གློད་ཅིག ཡང་སྐོར་བསྐྱར་སྐོར་གྱིས་དབུགས་རིང་ཐེངས་མང་གཏོང་དང་། ད་ཆ་སེམས་པ་ཅུང་ལྷོད་དུ་བབས་སོང་ངམ”ཞེས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་སེམས་ཁམས་འཕྲོད་བསྟེན་ལྟེ་གནས་ཀྱི་སྨན་པ་ཀྲུའོ་ཡུས་ཀྱིས་ལས་མཚམས་བཞག་མ་ཐག་པའི་རོགས་སྐྱོབ་མི་སྣར་སེམས་ཁམས་སྙོམས་སྒྲིག་གི་སྦྱོང་བརྡར་བྱེད་བཞིན་བཤད།

    ཟླ་9ཚེས་2ཉིན། རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་སྐྱོད་སའི་འགྲོ་ལམ་ཤར་གཏོང་ཐུབ་ཅིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མངགས་གཏོང་བྱས་པ་དང་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གིས་སྣེ་ཁྲིད་ནས་བཙུགས་པའི་རྒྱལ་ཁབ་སེམས་ཁམས་འཕྲལ་སྡོམ་རོགས་སྐྱོབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་འཕྲལ་མར་འཐབ་ས་དང་པོར་བཅའ་སྡོད་བྱས་ནས་སྨན་བཅོས་དང་སེམས་ཁམས་སླར་གསོའི་ཞབས་འདེགས་ཞུས་ཡོད།

    སེམས་ཁམས་རོགས་སྐྱོབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཙོའུ་ལིང་གིས“རོགས་སྐྱོབ་མི་སྣ་མང་ཆེ་བའི་སེམས་ཁམས་བརྟན་པོ་ཡོད་ནའང་། གཉིད་མི་ཁུག་པ་དང་དངངས་འཚབ་ལངས་པ། ཞེད་སྣང་སྐྱེ་བའི་སྣང་ཚུལ་ཡང་ཡོང་གི་ཡོད། དུས་ཐོག་ཏུ་སེམས་གསོ་གཏོང་བ་དང་མ་བྱུང་སྔོན་འགོག་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེན་པོ་རེད”ཅེས་བཤད།

    རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣའི་ནང་མིར་ཇི་ལྟར་བྱས་ནས་སེམས་གསོ་གཏོང་རྒྱུ་དེའང་སྨན་བཅོས་ཚོགས་པའི་གཙོ་གནད་ལས་དོན་ཞིག་རེད།

    རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱིས་ཀློག་བདེ་བའི་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི“སེམས་ཁམས་སྙོམས་སྒྲིག་དེབ་ཆུང”སྒྲིག་བཟོ་བྱས་ཏེ། གོ་བདེ་བའི་སྐད་ཆའི་ཐོག་ནས་ཚང་མའི་སྐྱོ་གདུང་སེལ་རྒྱུར་ཁྲིད་སྟོན་བྱས་ཡོད།

    སྐྱིད་གྲོང་གྲོང་རྡལ་ལ་བི་གྲོང་ཚོའི་ཡུལ་མི་པད་མ་གཡང་འཛོམས་ལ་ཉིན་ཤས་རིང་བྲང་ཁོག་བསྡམས་ནས་མི་བདེ་བ་བྱུང་བས། ནང་མི་དང་མཉམ་དུ་བཀོད་སྒྲིག་བྱ་ཡུལ་དུ་བཙུགས་པའི་སྨན་བཅོས་སྐྱོབ་བཅོས་དང་སེམས་གསོའི་ས་ཚིགས་སུ་ཡོང་། སྨན་བཅོས་པ་བསྟན་པ་ནི་ངམ་རིང་རྫོང་སྨན་རྩིས་ཁང་ནས་ཡིན་པ་དང་། ཁོང་གིས་པད་མ་གཡང་འཛོམས་ཀྱི་ནད་རྟགས་ཤེས་རྗེས་བོད་སྨན་གྱི་སྲོལ་རྒྱུན་གྱི་སྨན་ཐུམ་སྦྱོར་རྟ་བྱས། “རྗེས་སུ་ང་ཚོས་ད་དུང་ཁོང་ལ་སེམས་གསོ་བཏང་ནས་ཐབས་ཤེས་མང་པོ་སྤྱད་དེ་སེམས་ཁམས་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན”ཞེས་བསྟན་པས་བཤད།

    གནོད་འཚེ་ཐོན་རྗེས་ས་གནས་དེ་གས་12356སེམས་ཁམས་རོགས་སྐྱོབ་ཀྱི་ཐད་སྦྲེལ་ཁ་པར་ལེན་མཁན་མང་དུ་བཏང་བ་དང་ཆབས་ཅིག་སྨན་བཅོས་རུ་ཁག་གཙོ་གནད་ས་ཁོངས་སུ་བཅའ་སྡོད་དང་ས་ཁོངས་གཞན་དག་ཏུ་རེས་མོས་ངང་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱེད་པར་མངགས་ཡོད། “ང་ཚོའི་འབད་བརྩོན་འོག་ཚང་མའི་སེམས་ཁམས་སྔ་ཙམ་གསོ་ཐུབ་པའི་རེ་བ་ཡོད”ཅེས་ཙུའོ་ལིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།