རང་རྒྱལ་གྱིས་དགེ་རྒན་འཕེལ་རྒྱས་ཐད་རྒྱལ་ཁབ་ཀྱི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་པ།
ཕྱོགས་ཡོངས་ནས་དགེ་རྒན་གྱི་ཆེད་ལས་བྱང་ཚད་ལེགས་སུ་དང་དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཡིན་པ།
ཟླ་9ཚེས་4ཉིན། སློབ་གསོ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་གི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར། རང་རྒྱལ་གྱིས་དགེ་རྒན་འཕེལ་རྒྱས་ཐད་རྒྱལ་ཁབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་བསམ་བློའི་ཁྲིད་སྟོན་དང་། གསོ་སྐྱོང་གི་སྤུས་ཚད། འདྲ་མཉམ་འཕེལ་རྒྱས། སེམས་ཁུར་གཅེས་སྐྱོང་སོགས་གཙོ་བོར་བཟུང་ནས་ཤུགས་སྣོན་རྒྱག་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། སློབ་གསོ་པུས་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་དགེ་རྒན་གྱི་སྤྱོད་བཟང་རང་གཅུན་དང་། ལས་བརྩོན་སློབ་བརྩོན། དཔེ་ཁྲིད་མི་སྐྱོང་བཅས་ལ་རྣམ་པ་གསར་པ་ཐོན་ཡོད། “སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ནས་ངེས་པར་དུ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་ནས་དགེ་རྒན་འཕེལ་རྒྱས་ཐད་རྒྱལ་ཁབ་ཀྱི་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་ལག་བསྟར་ཡག་པོ་བྱེད་དགོས། བྱ་ཐབས་དངོས་དང་། བྱ་ཐབས་ནུས་ལྡན། བྱ་ཐབས་གསར་པ་དེ་བས་མང་པོ་བཏོན་ནས་སྤུས་ཚད་མཐོ་བའི་དགེ་རྒན་འཕེལ་རྒྱས་ཀྱི་མ་ལག་མགྱོགས་མྱུར་སྐྲུན་ཏེ། ཕྱོགས་ཡོངས་ནས་དགེ་རྒན་གྱི་ཆེད་ལས་བྱང་ཚད་ལེགས་སུ་དང་དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་དགོས” ཞེས་སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འགན་འཁུར་བས་བཤད།
བསམ་བློའི་ཁྲིད་སྟོན་ཐད་འགན་འཁུར་བས་ངོ་སྤྲོད་བྱས་དོན། རྒྱ་ཆེའི་དགེ་རྒན་ཚོས་སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་བློ་ལ་བརྟན་པོར་ངེས་ཏེ་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད། སློབ་གསོ་པུས་འཐབ་ས་དང་པོར་གཞི་ཚུགས་པ་དང་། སྙེང་ཉེ་བ། བརྩི་བཀུར་འོས་པ། སློབ་སྦྱོང་བྱེད་འོས་པ་བཅས་ཀྱི་དཔེ་མཚོན་དེ་བས་མང་པོ་འདེམས་གཏོད་བྱེད་པ་དང་ཆབས་ཅིག་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ནི་ཨང་དང་པོ་ཡིན་པའི་ཚད་གཞི་མུ་མཐུད་བརྟན་སྲུང་བྱས་ཏེ་དགེ་རྒན་གྱི་ཀུན་སྤྱོད་ཀྱི་དཔེ་སྟོན་ཉམས་པའི་བྱེད་སྤྱོད་ཐར་པར་གཏན་ནས་གཏོང་རྒྱུ་མིན་པ་རེད།
ཆུ་ཚད་མཐོ་བའི་དགེ་རྒན་གསོ་སྐྱོང་བྱེད་པའི་ཐད་དགེ་རྒན་གྱི་སློབ་གསོ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། དགེ་འོས་སློབ་གླིང་གིས་དགེ་འོས་ཀྱི་གནས་བབ་ཡག་པོ་སྲུང་བ་དང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཆུ་ཚད་མཐོ་བའི་སློབ་ཆེན་དེ་བས་མང་པོས་དགེ་རྒན་གྱི་སློབ་གསོའི་ནང་ཞུགས་པར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་ཕུལ་བྱུང་དགེ་རྒན་སློབ་གླིང་ཚོད་ལྟའི་ངང་འཛུགས་སྐྲུན་བྱ་རྒྱུ། དེ་བཞིན་དགེ་རྒན་གྱི་སློབ་གསོའི་སློབ་ཚན་མ་ལག་སྒྱུར་བཅོས་དང་དགེ་རྒན་གྱི་བསམ་བློ་དང་ཀུན་སྤྱོད་བློ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། དགེ་རྒན་གྱི་གྲངས་རིག་དང་ཚན་རྩལ་གྱི་བྱང་ཚད་དང་། མི་ཆོས་རིག་གནས་ཀྱི་བྱང་ཚད། གསར་གཏོད་ཀྱི་བསམ་གཞིགས། རིག་གཞུང་ཚན་ཁག་ལས་བརྒལ་བའི་ཕྱོགས་བསྡུས་ཀྱི་བྱང་ཚད་སོགས་ཀྱི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།
དྲང་གཞག་འཕེལ་རྒྱས་ལ་དམིགས་ཏེ་གྲོང་གསེབ་ཀྱི་སློབ་གསོའི་ཞན་ཆ་བསལ་ནས་དགེ་རྒན་གྱི་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སློབ་གསོ་པུས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་། དྲུག་ཅུ་དབུ་དཀར་སློབ་ཁྲིད། དགེ་རྒན་གྱི་ལས་རྗེས་སྤེལ་རེས་སོགས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས“སློབ་གྲྭ་སྟོབས་ཆེན་གྱིས་རྫོང་སློབ་འབྲིང་ལ་སྣེ་ཁྲིད་བྱེད་པའི”དགེ་རྒན་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་དང་ཆུ་ཚད་མཐོ་བའི་དགེ་འོས་སློབ་ཆེན་གྱིས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་རེད།
དགེ་རྒན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཐད་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་དང་ཡོང་འབབ་ས་གནས་དེ་གའི་གཞུང་ལས་པའི་ཆ་སྙོམས་གླ་ཕོགས་དང་ཡོང་འབབ་ལས་མི་དམའ་བའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་པ་དང་མཉམ་སྲུང་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། བྱས་འབྲས་གླ་ཆ་སྤྲོད་སྐབས་སློབ་ཁྲིད་ཀྱི་འཐབ་ས་དང་པོ་དང་། འཛིན་གྲྭའི་ཀྲུའུ་རེན། གྲོང་གསེབ་ཀྱི་དགེ་རྒན་བཅས་ལ་གཟིགས་སྐྱོང་བྱ་རྒྱུ་མ་ཟད། སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི“དགེ་རྒན་སྔོན་སྐྱོང”ལ་མུ་མཐུད་སྐུལ་འདེད་ཀྱང་གཏོང་རྒྱུ་རེད།
དགེ་རྒན་གྱི་ཁེ་དབང་སྲུང་སྐྱོང་དང་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་ལ་ལན་འདེབས་སྐབས། སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འགན་འཁུར་བས། དགེ་རྒན་དང་འབྲེལ་བ་ཡོད་པའི་རྩོད་གཞི་དང་ཞུ་གཏུག་ཐག་གཅོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་དགེ་རྒན་གྱི་བཅའ་ཁྲིམས་བློ་འདྲི་དང་རོགས་སྐྱོར་ཐབས་ལམ་རྒྱ་ཆེར་བཏང་སྟེ། དགེ་རྒན་དང་འབྲེལ་བ་ཡོད་པའི་དོན་དངོས་དང་མི་མཐུན་པའི་ཐེར་འདོན་གོང་ཞུ་བྱས་ཚེ་དུས་ཐོག་ཏུ་དགེ་རྒན་ལ་དག་འབུད་བྱ་རྒྱུ་དང་། དོན་དངོས་རྫུན་བཟོ་དང་ངན་སེམས་བཅངས་ནས་དགེ་རྒན་ལ་དམའ་འབེབས་གཏོང་བའི་བྱེད་སྤྱོད་རིགས་ཐར་པར་གཏན་ནས་མི་གཏོང་བར་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་ཏེ་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
གཞན་ཡང་སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་འཐུས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། “མཐོ་གཞུང་དཀར་པོའི”དོ་དམ་བྱས་ནས་དགོས་མེད་ཀྱི་ཞིབ་བཤེར་དང་། དཔྱད་བསྡུར། རེའུ་མིག་སྐོང་བ་བཅས་ཉུང་དུ་གཏོང་རྒྱུ་ཡིན་ཞེས་དང་། “སློབ་གྲྭ་ཁ་ཁུ་སིམ་པོ་ཡོང་བ་དང་། དགེ་རྒན་གྱི་དུས་ཚོད་འཕྲོ་བརླག་མི་འགྲོ་བ། དགེ་རྒན་གྱིས་སེམས་པ་སློབ་ཁང་དུ་གནས་པ། དགེ་རྒན་གྱི་བརྩེ་སེམས་ཕྲུ་གུར་འཆང་བ་བཅས་བྱ་རྒྱུ་ཡིན”ཞེས་སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འགན་འཁུར་བས་བཤད།
འབྲེལ་ཡོད་གསར་འགྱུར།