དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོབས་ཤུགས་ཆུང་ངུ་གཅིག་ཏུ་བསྒྲིལ་ནས་སྟོབས་ཤུགས་ཆེན་པོ་ཆགས་པར་བྱས་པ།

    —— སྐྱིད་གྲོང་གི་ཉེན་སེལ་རྒུད་སྐྱོབ་ཀྱི་དང་བླངས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-07

    འདི་ནི་དང་བླངས་པས་གྱེས་ཕུག་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་འཚོ་བའི་མཁོ་ཆས་སྤྲོད་བཞིན་པ།

    སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རྒུད་སྐྱོབ་བྱེད་རིང་། རང་མོས་ངང་འཛོམས་པའི་མི་མང་པོ་ཞིག་ཡོད་དེ། ཁོང་ཚོར་གཅིག་གྱུར་གྱི་ལས་གོས་མེད་ཀྱང་། བརྩེ་སེམས་ཟབ་མོ་དང་བྱ་སྤྱོད་ངོ་མར་བརྟེན་ནས། གནོད་འཚེ་ཕོག་ཁུལ་གྱི་རྒྱབ་ཕྱོགས་སུ་དྲོ་སྐྱིད་ལྡན་པའི་འགོག་སྲུང་འཛིང་རགས་མང་པོ་སྐྲུན་བཞིན་ཡོད།

    རླངས་འཁོར་གྱི་གློག་སྤར་བ་དང་ཚོང་ཁང་གི་སྒོ་ཕྱེ་ནས་བཞག་པ།

    ཅང་ཤིས་བ་ཨ་ནན་གྱི་རླངས་འཁོར་ངལ་གསོ་བཞག་ནས་སྡོད་ཁོམ་ཡེ་ནས་མེད། ཁ་པར་གྱི་སྒྲ་གྲགས་མ་ཐག ཨ་ནན་གྱིས་ལམ་སེང་རླངས་འཁོར་བཏང་ནས་ཉེན་སེལ་རྒུད་སྐྱོབ་མི་སྣ་སྐྱེལ་བསུ་བྱེད་དུ་འགྲོ་བ་དང་། ཉིན་གཅིག་ལ་ཡང་སྙིང་ཐེངས་ག་ཚོད་འགྲོ་གི་ཡོད་མིན་ཁོང་གིས་རྩིས་རྒྱག་མྱོང་མེད་ལ་དངུལ་ཡང་ལེན་མྱོང་མེད་ཅིང་། ཁོང་གིས“ནུས་པས་ལྕོགས་ཚོད་ཀྱིས་རོགས་པ་བྱེད་ཀྱི་ཡོད”ཅེས་བརྗོད།

    དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ཀྲང་ཧྥུའུ་ཐའེ་ཡིས་གཏེར་ཆུ་དང་། མེན་པའོ། སྟབས་བདེའི་ཐུག་པ་བཅས་ཁོ་རང་གི་སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དུ་བསྒྲིགས་ཤིང་། ཁོང་གིས“ཐད་ཀར་ལེན་དང་། དངུལ་སྤྲོད་མི་དགོས”ཞེས་བརྗོད་པ་དང་། ཡང་སྙིང་ཚོང་ཟོག་ག་ཚོད་ཁ་གསབ་བྱས་མིན་ཁོང་ལ་གསལ་པོ་ཤོད་རྒྱུ་མེད་པ་དང་། ཁོང་གིས“དངོས་ཟོག་རྫོགས་མ་ཐག་ཁ་གསབ་བྱེད་ཀྱི་ཡོད”ཅེས་བརྗོད། ཀན་སུའུ་བ་མཱ་ཤིས་ལུང་གིས་ལོ་མང་གཉེར་སྐྱོང་བྱས་པའི་ནེ་པ་ལའི་ཁྱད་ལྡན་ཐོན་ཟོག་ཚོང་ཁང་དེ་ཆུ་ཚོད་24ཡི་ཞབས་ཞུའི་ས་ཚིགས་སུ་བསྒྱུར་ནས། ཆུ་ཁོལ་མཁོ་འདོན་དང་བཟའ་བཅའ་གྲ་སྒྲིག་བྱེད་ཀྱི་ཡོད།

    ཀུན་སེམས་གཅིག་ཏུ་བསྒྲིལ་ནས་སྟོབས་ཤུགས་མང་པོ་གནས་དེར་འདུས་པ།

    སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། དིང་རི་རྫོང་གི་རྒྱབ་ཕྱོགས་ཞབས་ཞུ་བས་འཕྲལ་མ་ཉིད་དུ་སྒུལ་བདེའི་ཟས་འཁོར་དེ་གར་བཏང་ཡོང་བ་དང་། རླངས་འཁོར་ཁ་བཀག་མ་ཐག་མེ་ཁ་གསོས་པ་དང་སྦྲགས། འབྲས་བཀྲུ་བ་དང་ཚལ་གཏུབ་པ་སོགས་བྱས་ནས། ཉིན་གཅིག་ལ་ཁ་ལག་ཚ་པོ་སྡེར་མ་400ཙམ་སྐྱེལ་གྱི་ཡོད་པ་རེད།

    ལམ་གཞན་ཞིག་ཏུ། ཁང་འཁོར་ཞིག་ཀྱང་སྐྱིད་གྲོང་ཕྱོགས་སུ་སྐྱོད་བཞིན་ཡོད། ཁྲུང་ཆིང་ནས་ཡིན་པའི་ཅང་ཞའོ་ཏུང་དང་སི་ཁྲོན་ནས་ཡིན་པའི་ལི་ཐའོ་ཡིས་སྔོན་གཏན་འཁེལ་བའི་འགྲོ་ལམ་བསྒྱུར་ཏེ། འཁོར་སྒྲོམ་ནང་འཐུང་ཆུ་དང་། མེན་པའོ། སྟབས་བདེའི་ཐུག་པ་བཅས་བྱུར་བུར་བླུགས་ནས་ས་མཐོར་བསྐྱོད་ཅིང་། ལི་ཐའོ་ཡིས། “སྐབས་དེ་དུས་བསམ་བློ་མང་པོ་བཏང་མེད། རང་ཉིད་ཀྱི་ནུས་པ་ཏོག་ཙམ་འདོན་དགོས་བསམས་བྱུང”ཞེས་བརྗོད།

    སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱུན་མཐུད་ཆེ་རུ་སོང་ཞིང་། ཞལ་འདེབས་གསལ་ཐོའི་ནང་འཁོད་པའི་མིང་ཡང་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པ་དང་། ཁ་ཤས་ལ་ཁེ་ལས་ཀྱི་མིང་འཁོད་ཡོད་ལ། ཁ་ཤས་ལ“གཅེས་སེམས་མི་སྣ”ཞེས་ཡིག་འབྲུ་བཞི་ལས་འཁོད་མེད། ཆུ་རུད་གནོད་འཚེ་ཐོན་རྗེས་ཀྱི་ཆུ་ཚོད་48ནང་ཚུན་དུ་ས་གནས་ཁག་གི་རྒུད་སྐྱོབ་དངོས་ཟོག་རྒྱུན་ཆད་མེད་པར་སྐྱིད་གྲོང་དུ་འབྱོར་ཞིང་། ཟླ་8ཚེས་30ཉིན་བར། བར་བརྒྱུད་ས་ཚིགས་གཉིས་སུ་རིམ་རྩིས་བརྒྱབ་ན་རྒུད་སྐྱོབ་དངོས་ཟོག་སྣ་ཚོགས་ཁག་ཁྲི་10.2རྩིས་བླངས་ཡོད་པ་རེད།

    ས་ཆ་གང་དུ་དགོས་མཁོ་ཆེ་ན་དེར་བསྐྱོད་པ།

    ལྗོངས་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་འཕྲལ་མ་ཉིད་དུ་གཞོན་ནུའི་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཤིང་། གཞོན་ནུའི་འཕྲལ་སྒྲུབ་རུ་ཁག་19དང་རུ་མི་186དག་གནོད་འཚེའི་གནས་ཚུལ་བསྡོམས་རྩིས་དང་། དངོས་ཟོག་དབོར་འདྲེན། གུར་ཕུབ་པ། སྨན་བཅོས་རོགས་སྐྱོབ། ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་གནས་མི་འདྲ་བར་བཀོད་སྒྲིག་བྱས་ཡོད་པ་རེད།

    བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་ཏང་ཀྲི་པུའི་ཞབས་ཞུའི་ས་ཚིགས་བཙུགས་ནས། ཏང་ཡོན་དང་དང་བླངས་པས་ཆུ་ཚོད་24ལས་གནས་སྲུང་རེས་བྱེད་པ་དང་། སྐྱིད་གྲོང་རྫོང་གིས་ཏང་ཡོན་དང་ལས་བྱེད་པ་380སྐུལ་སློང་བྱས་ཏེ། ལས་དོན་ཆེད་སྒྲུབ་ཚོགས་ཆུང་5བཙུགས་ནས། བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་རེ་རེ་བཞིན་དང་འབྲེལ་བ་བྱེད་ཀྱི་ཡོད་པ་རེད།

    ལྟེ་བའི་ཁུལ་དུ་ཉེན་ཁ་ཅུང་ཆེ་བའི་རྐྱེན་གྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་མི་སྣ་རང་དགར་མི་འགྲོ་བར་གྲོང་རྡལ་ཁུལ་དང་བཀོད་སྒྲིག་བྱ་ཡུལ་དུ་རྒྱབ་ཕྱོགས་ཞབས་ཞུའི་ལས་ལ་གཞོལ་བ་དང་། ས་ཆ་གང་དུ་དགོས་མཁོ་ཆེ་ན་དེར་བསྐྱོད་པ་དང་སུ་ལ་དཀའ་ངལ་འཕྲད་རིམ་བཞིན་དུས་ཐོག་ཏུ་རོགས་པ་བྱེད་ཀྱི་ཡོད་པ་རེད།

    ཆུ་རུད་ཀྱི་གནོད་འཚེ་ལས་ནམ་ཞིག་རྒྱལ་ངེས་ཡིན་ཞིང་། འདམ་རྫབ་ཁྲོད་ཀྱི་གཟུགས་བརྙན་དེ་དག་དང་། ཆར་རླུང་ཁྲོད་ཀྱི་བརྟན་སྲུང་དེ་དག མི་ཕལ་པའི་འགན་འཁྲི་འཁུར་སེམས་དེ་དག་བཅས་ཚང་མ་ཇི་སྲིད་བར་དུ་གནས་ངེས་ཡིན།

    མཐའ་མཚམས་ཀྱི་དང་བླངས་པ་ཡག་ཤོས་དེ་དག་གིས་སྟོབས་ཤུགས་ཆུང་ངུ་མང་པོ་གཅིག་ཏུ་བསྒྲིལ་ནས་གནོད་འཚེ་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།