མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ།
—— སྐྱིད་གྲོང་གི“8·26”ཆུ་རུད་གནོད་འཚེའི་ཉེན་སེལ་རྒུད་སྐྱོབ་སྐོར་གྱི་དངོས་བྲིས།

འདི་ནི་སྐྱིད་གྲོང་འགག་སྒོར་སྐྱོད་སའི་རྒྱལ་ལམ་216གི་སྐམ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་རྗེས་གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གནོད་འཚེའི་ལྟེ་བའི་ཁུལ་དུ་ལེབ་བཤེར་རྣམ་པའི་འཚོལ་སྐྱོབ་ལས་དོན་སྤེལ་བར་སྐྱོད་བཞིན་པ།
2026ལོའི་ཟླ་9ཚེས་4ཉིན་ནི་སྐྱིད་གྲོང་གི“8·26” ཆུ་རུད་གནོད་འཚེ་ཐོན་རྗེས་ཀྱི་ཉིན་བཅུ་པ་རེད།
ཉིན་བཅུའི་རིང་གེགས་ཁུལ་དུ་ཡོད་པའི་མི་ཚོའི་ངོས་ནས་བརྗོད་ན། དེ་ནི་དུས་ཚོད་སྐར་ཆ་ཙམ་ཡང་འགྲོ་དཀའ་བའི་མནར་གཅོད་ཅིག་རེད་ལ། དུས་ཚོད་སྐད་ཅིག་ཙམ་ལ་འདས་འགྲོ་བའི་འབད་འཐབ་ཅིག་ཀྱང་རེད།
མགྱོགས་མྱུར་དང་ལེན།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཤི་གསོན་གྱི་འཐབ་རྩོད།
གནོད་འཚེ་ཐོན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། ད་ཐེངས་ཀྱི་དུས་ཚོད་དང་འགྲན་རྩོད་བྱེད་པའི་རོགས་སྐྱོབ་ཁྲོད་ཕྱོགས་ཁག་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་བྱས་ནས། སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།
རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་འཕྲལ་མ་ཉིད་དུ་རླངས་འཁོར་152དང་མི་792མདུན་ཕྱོགས་སུ་མངགས།
བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རླངས་འཁོར་72དང་མེ་གསོད་རོགས་སྐྱོབ་མི་སྣ་431ལ་གསོན་པོ་འཚོལ་ཆས་དང་། གདོང་མཆོང་གྲུ་གཟིངས། རྫི་ཁྱི་སོགས་ཀྱི་རོགས་སྐྱོབ་སྒྲིག་ཆས་བསྐུར་ནས་མདུན་ཕྱོགས་སུ་མངགས།
བོད་དམག་ཁུལ་ཁང་གིས་མདུན་ཕྱོགས་བཀོད་འདོམས་ཚོགས་ཆུང་ས་ཡུལ་དངོས་སུ་མངགས་པ་མ་ཟད། འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཀྱང་མངགས་པ་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་དཔོན་དམག་140ལྷག་ཙམ་གྱིས་ཆེད་ལས་གེགས་སེལ་སྒྲིག་ཆས་ཁྱེར་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་བསྐྱོད།
ཐབས་བརྒྱ་ཇུས་སྟོང་གིས་འགྲོ་ལམ་མྱུར་བཟོ་བྱས་ཤིང་། སྤྱི་བདེ་དང་མེ་གསོད་སོགས་སྡེ་ཚན་གྱི་སྔོན་སྐྱོད་དཔུང་སྡེས་འཕྲུལ་ཆས་ཆེ་གྲས་ལ་བརྟེན་ཏེ་སྨི་རེ་རེ་བྱས་ནས་མདུན་གྱི་ལམ་བུ་བཤངས།
རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་རླངས་འཁོར་15དང་མི་52ལ་འོད་སྐུད་དང་། སྲུང་སྐར་ཁ་པར། བཞུར་མཐུད་འཕྲུལ་ཆས་སོགས་རོགས་སྐྱོབ་སྒྲིག་ཆས་བསྐུར་ནས་ས་ཡུལ་དངོས་སུ་མངགས་ཏེ། འཕྲིན་གཏོང་བརྡ་རྟགས་ཤར་གཏོང་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
གནོད་འཚེ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་རེད། ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་འཕྲལ་མར་དང་ལེན་ཞུས་ཏེ་འདི་གར་མཉམ་དུ་འཛོམས།
དཀའ་ཚེགས་ཇི་ཙམ་ཆེ་རུང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མདུན་དུ་བསྐྱོད།
“ལྟེ་བའི་ཁུལ་དུ་གསོན་མཁན་ཡོད་མེད་དང་། ཞོར་ཐོན་གནོད་འཚེའི་ཉེན་ཁ་ཇི་ཙམ་ཡོད་མེད། རོགས་སྐྱོབ་ཀྱི་བར་མཐོངས་ག་ཚོད་ཡོད་མེད”སོགས་གནས་ཚུལ་གང་ལ་ཡང་ཚོད་བགམ་བྱེད་ཐབས་བྲལ་བས་རོགས་སྐྱོབ་ཐབས་ཇུས་ལ་འགྲན་སློང་ཆེན་པོ་འཕྲད། དེས་ན་འཕྲལ་མར་ལྟེ་བའི་ཁུལ་དུ་བསྐྱོད་ནས་གནས་ཚུལ་དངོས་ངེས་པར་དུ་རྟོགས་དགོས་ངེས་རེད།
རོགས་སྐྱོབ་བཀོད་འདོམས་པུས་འཕྲལ་ཐག་ཆོད་པོས་འཚོལ་སྐྱོབ་འཕྲལ་སྒྲུབ་རུ་ཁག་ཅིག་བཙུགས་ནས་རྐང་ཐང་མར་ལྟེ་བའི་ཁུལ་དུ་གཏོང་རྒྱུའི་ཐག་བཅད། སྐྱིད་གྲོང་གྲོང་རྡལ་གྱི་ཀྲེན་ཀྲང་ཝང་ཆང་གིས་རང་འགུལ་ངང་མདུན་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་ཞུས་ཤིང་། ས་དབྱིབས་ལ་རྒྱུས་མངའ་ཆེ་བའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་དང་། ཆེད་ལས་རྩལ་ནུས་ལྡན་པའི་མེ་གསོད་འཐབ་འཛིང་པ། རི་ལམ་ལ་རྒྱུས་མངའ་ཆེ་བའི་ཡུལ་མི་བཅས་མི་19ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གཅིག་ཏུ་འདུས།
ཆུ་ཚོད་8ཙམ་དཀའ་ཚེགས་ཆེན་པོས་མདུན་དུ་བསྐྱོད་རྗེས། ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀར་འཕྲལ་སྒྲུབ་རུ་ཁག་གི་ཁོངས་མི་དང་སྐྱིད་གྲོང་མཐའ་མཚམས་དོ་དམ་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་ཚེ་རིང་ཕུན་ཚོགས་དང་གྲོང་མི་9གནོད་འཚེ་ཕོག་ཁུལ་དུ་སྔོན་ལ་འབྱོར། ཁོང་ཚོ“ཁེར་ཆགས་གླིང་ཕྲན”དུ་སྐྱོད་མཁན་གྱི་འགག་སྒྲོལ་སྟོབས་ཤུགས་ཁག་དང་པོར་གྱུར་ནས་ལྟེ་བའི་ཁུལ་ཤུལ་མེད་དུ་བཏང་བའི་ཡ་ང་ཡིད་སྐྱོ་བའི་གནས་ཚུལ་འཁྱེར་ཡོང་། དེས་རྗེས་མཐུད་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱེད་པར་ཐབས་ཇུས་ཀྱི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས།
དུས་ཚོད་དེ་རང་ལ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་གྲོང་འགག་སྒོ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་8ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གཞན་ཞིག་ཉེན་ཁའི་ཕྱོགས་སུ་གདོང་མཆོང་བྱས་ཟིན། རིང་ཚད་ལ་སྨི་700ཡོད་ཅིང་རྦབ་འགྲིལ་ཐེབས་ཉེན་ཆེ་བའི་ལམ་དུམ་དུ་རུ་མི་ཚོས་ལུས་ལ་བདེ་འཇགས་ཐག་པ་བཅིངས་པ་དང་མི་གཉིས་རེ་བྱས་ནས་མདུན་དུ་བསྐྱོད། རྒྱབ་ཕྱོགས་ཀྱི་རུ་མིས་ཐག་པ་དམ་པོར་བཟུང་ནས་བརྟན་པོ་ཡོང་བར་བྱས་པ་དང་། མདུན་ཕྱོགས་ཀྱི་རུ་མི་ཚོས་འགྲོ་ལམ་གྱི་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཉེན་ཁ་ཆེ་བའི་ལམ་དུམ་དུ་གནས་སྐབས་རོགས་སྐྱོབ་ལམ་བུ་ཞིག་བཏོད།
ཁོང་ཚོ་ནི་ཉིན་བཅུའི་རོགས་སྐྱོབ་ལས་དོན་ཁྲོད་ཀྱི་གདོང་མཆོང་བྱེད་སྔ་ཤོས་ཀྱི་ལམ་འཚོལ་མཁན་དང་། རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གིས་གཞན་ལ་ཚེ་སྲོག་གི་བགྲོད་ལམ་གཏོད་མཁན་གྱི་ལྡོག་སྐྱོད་པའང་རེད། ཁོང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་བཀའ་རྒྱ་དང་ལེན་ཞུས་ཏེ་རྗེས་མཐུད་ཀྱི“སྐམ་ཆུ་མཁའ”གསུམ་གྱི་ཕྱོགས་བསྡུས་ཅན་གྱི་རོགས་སྐྱོབ་སྟོབས་ཤུགས་ཕྱོགས་ཡོངས་ནས་ཞུགས་རྒྱུར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས།
ས་ཁོངས་ཧྲིལ་པོ་མཉམ་འགུལ།
སྲོག་སྐྱོབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།
སྐྱིད་གྲོང་དུ་ཐོན་པའི་གནོད་འཚེས་བོད་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ལ་སྡུག་བསྔལ་ཆེན་པོ་བཟོས་ཡོད། ས་ཁོངས་དང་། སྡེ་ཚན། དམག་དཔུང་དང་ས་གནས་བཅས་ལས་བརྒལ་བའི་ས་ཁོངས་ཧྲིལ་པོའི་མཉམ་འགུལ་གྱི་བྱ་སྤྱོད་ཆེན་པོ་ཞིག་མགྱོགས་མྱུར་སྤེལ་ཞིང་། ཕྱོགས་ཁག་གི་སྟོབས་ཤུགས་སྐྱིད་གྲོང་དུ་གཅིག་སྡུད་བྱས་པ་དང་། དངོས་ཟོག་སྣ་ཚོགས་གེགས་ཁུལ་དུ་བསྡུ་རུབ་བྱས།
སྐམ་ལམ་ནི་རོགས་སྐྱོབ་བྱ་ཡུལ་གཙོ་བོ་ཡིན། རྒྱལ་ལམ་216མྱུར་བཟོ་བྱ་རྒྱུ་ནི་རོགས་སྐྱོབ་ལས་དོན་ལ་རྒྱལ་ཁ་ཐོབ་མིན་གྱི་འགག་རྩ་ཞིག་རེད། ཀྲུང་གོའི་ཨན་ནེང་དང་། ཀྲུང་གོའི་ཀྲུང་གོ་ལྕགས་ལམ། མེ་གསོད་རོགས་སྐྱོབ་སོགས་ཆེད་ལས་ལས་གྲྭའི་སྟོབས་ཤུགས་ཀྱིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་མཉམ་དུ་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱས་ཤིང་། ཁོང་ཚོར་འཕྲད་པ་ནི་མཐུག་ཚད་ཆ་སྙོམས་ལ་སྨི་4དང་མཐུག་ཤོས་ལ་སྨི་16ཟིན་པའི་ཕུང་གསོག་ཐེབས་པའི་འདམ་རྡོ་དང་དེ་བཞིན་ཐོན་ཉེན་ཤིན་ཏུ་ཆེ་བའི་ཞོར་ཐོན་གནོད་འཚེའི་ཉེན་ཁ་རེད།
ལས་སྒྲུབ་བྱེད་ས་གུ་དོག་པས་སྒྲིག་ཆས་རེ་རེ་མ་གཏོགས་འགྲོ་ས་མེད་པ་དང་། རི་སོབ་སོབ་ཆགས་ནས་ཉིལ་བའི་ཉེན་ཁ་ཆེ་བས་ལྟ་ཞིབ་ཚད་ལེན་བྱེད་ཀྱིན་མདུན་ཕྱོགས་སུ་ལམ་གཤོང་དགོས་ཀྱི་ཡོད། ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ལམ་216བརྒྱུད་དེ་སྐྱིད་གྲོང་འགག་སྒོར་སྐྱོད་སའི་སྐམ་ལམ་སྤྱིར་ན་མྱུར་བཟོ་ཟིན་པ་དང་། རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་ཆེ་གྲས་བཅས་སྐམ་ལམ་བརྒྱུད་གཞི་ཁྱོན་ཆེན་པོས་གནོད་འཚེའི་ལྟེ་བའི་ཁུལ་དུ་འབྱོར།
མཁའ་ལམ་ངོས་ནས་བརྗོད་ན། རི་མཐོ་གྲོག་རོང་གི་རྙོག་འཛིང་ཆེ་བའི་རླུང་རྒྱུན་དང་ཆར་པ་རྒྱུན་མཐུད་བབས་པ་དང་གནམ་འཐིབས་པའི་རྐྱེན་གྱིས་ཐད་འཕུར་གནམ་གྲུའི་རོགས་སྐྱོབ་བྱེད་ཡུན་ཧ་ཅང་ཐུང་ཐུང་ཡིན་མོད། འོན་ཀྱང་རོགས་སྐྱོབ་མི་སྣས་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ་ལྗིད་ཐེག་མི་མེད་གནམ་གྲུ་ཆེ་གྲས་བཏང་ནས་ལྟེ་བའི་ཁུལ་དུ་རོགས་སྐྱོབ་རུ་མི་དང་འཕྲལ་མཁོའི་དངོས་ཟོག་བསྐྱལ་བས། ལྟེ་བའི་ཁུལ་དུ་སྐྱོད་པའི་དུས་ཚོད་གྲོན་ཆུང་ནུས་ལྡན་ཐུབ།
ཆུ་ལམ་ངོས་ནས་བརྗོད་ན། རོགས་སྐྱོབ་མི་སྣས་གདོང་མཆོང་གྲུ་གཟིངས་སྤྱད་དེ་དྲག་ཏུ་རྒྱུག་པའི་ཆུ་བོ་བརྒལ་ནས་མདུན་དུ་བསྐྱོད། ཉིན་ཤས་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་སྐྱིད་གྲོང་གཙང་པོའི་ཆུ་བོ་རྒྱས་ནས་རྣམ་ཀུན་ལས་ཤུགས་དྲག་ཆེ་རུ་ཕྱིན་པས། ཆུ་ཁོངས་རོགས་སྐྱོབ་ཀྱི་ཚད་གཞི་ལས་རྦད་དེ་བརྒལ་ཡོད། ཆ་རྐྱེན་ཞན་པོ་དེ་འདྲའི་འོག་ཟླ་8ཚེས་28ཉིན་རོགས་སྐྱོབ་མི་སྣས་ཕྱོགས་གཅིག་ནས་ཐག་པ་འཕྲེད་ལ་བཏང་སྟེ་རྙོག་འཛིང་ཆེ་བའི་ཆུ་ཁོངས་སྒྲོལ་བ་དང་ཕྱོགས་གཞན་ཞིག་ནས་འགྱིག་གྲུར་བསྡད་དེ་ཆུ་ལམ་བརྒྱུད་མདུན་དུ་བསྐྱོད།
འཕྲིན་གཏོང་ཡང་རོགས་སྐྱོབ་ཐད་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད། གནོད་འཚེ་ཐོན་རྗེས་སྐྱིད་གྲོང་འགག་སྒོའི་ས་ཁོངས་ནང་གི་སྦྲེལ་ཚུགས་5ཡི་བརྡ་རྟགས་གཏོང་ནུས་ཉམས་པ་དང་ལྟེ་བའི་ས་ཁོངས་སུ་འཕྲིན་གཏོང་ཆད། ཀྲུང་གོ་གློག་འཕྲིན་སྐྱིད་གྲོང་རྫོང་ཡན་ལག་ཀུང་སིའི་སྲུང་སྐྱོང་གཙོ་གཉེར་བ་བུ་ཆུང་གིས་རུ་སྣེ་ཁྲིད་དེ་འདམ་རྫབ་བརྒལ་བ་དང་རི་འཛེགས་ནས་སྐུད་ལམ་རེ་རེ་བཞིན་ལ་གྲལ་བཤེར་གྱིས་འོད་འཁྲིད་ཚི་སྐུད་འཁྲིད་པ་རེད། འགག་སྒོའི་ལྟེ་བའི་ཁུལ་དུ་འཕྲལ་སྡོམ་དོ་དམ་པུའི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཧུའུ་པིན་གྱིས་ཆུ་ཚོད་9ཙམ་བསྟུད་མར་ལས་སྒྲུབ་བྱས་མཐར་ཟླ་8ཚེས་30ཉིན་གྱི་ཆུ་ཚོད་18ཙམ་ལ་ལྟེ་བའི་ཁུལ་ནས་བརྙན་ལམ་ཁ་པར་ཐོག་མ་དེ་བདེ་བླག་ངང་གཏོང་ཐུབ་པ་བྱུང་ཡོད།
གང་དུ་ཉེན་སེལ་རོགས་སྐྱོབ་བྱས་ན། དེ་གར་གློག་ཤུགས་ཀྱི་འདེགས་སྐྱོར་ཐུབ་པར་བྱས་ཡོད། ཟླ་9ཚེས་3ཉིན་གྱི་ཆུ་ཚོད་20ཙམ་ལ། སྐྱིད་གྲོང་འགག་སྒོའི་ལྟེ་བའི་ཁུལ་གྱི་གནས་སྐབས་གློག་གཏོང་སྐུད་ལམ་ཤར་གཏོང་ཐུབ་པ་དང་འབྲེལ་གློག་སླར་གསོ་ཐུབ།
རྒྱབ་ཕྱོགས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྟོབས་ཤུགས་ཀྱིས་འདེགས་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད།
ལ་བི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པའི་གཉེན་ཉེ་ཆུ་རུད་ཁྲོད་འབྲེལ་བ་ཆད་མོད། འོན་ཀྱང་ཁོང་གིས་དང་ཐོག་གྲོང་ཚོ་ཡོངས་ཀྱི་དུད་ཚང་དང་ཡུལ་མི་གཅིག་ཀྱང་མ་ལུས་པར་གནས་སྤོ་བྱས། “ངུས་ཀྱང་ཕན་པ་གང་ཡང་མེད། ང་ནི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པས་ངས་ངེས་པར་དུ་ཡུལ་མི་ཚོ་ཉེན་ཁ་ལས་ཐར་ཐབས་བྱེད་དགོས”ཞེས་ཁོང་གིས་མགྲིན་པ་རྣོང་བཞིན་བཤད།
སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཟླ་བས་བོད་ལུགས་གསོ་རིག་གི་དངོས་ཁམས་གསོ་བཅོས་དང་། སེམས་གསོ་གཏོང་བ། སྤོས་བདུག་ནས་སེམས་ལྷོད་ལ་འབབ་ཐབས་བྱེད་པ་སོགས་ལ་བརྟེན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་པ་ལྷོད་ལ་འབབ་ཐབས་བྱས།
རྒྱབ་ཕྱོགས་སུ་མི་དཀྱུས་མ་ཚང་མས་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་འཐབ་ས་དང་པོའི་ཉེན་སེལ་རོགས་སྐྱོབ་མི་སྣ་དང་མཉམ་དུ་རོགས་སྐྱོབ་ལས་ལ་གཞོལ།
གསར་འགོད་པར་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་4ཉིན་བར་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་རིམ་རྩིས་བརྒྱབ་ན་ཞལ་འདེབས་སྒོར་ཁྲི་5269བརྒྱབ།
ད་ཐེངས་ཀྱི་གནོད་འཚེ་ནང་རྒྱལ་ཁབ་23གྱི་ཕྱི་རྒྱལ་བ་261དང་འབྲེལ་བ་ཆད་ཡོད། དེས་ན་ཀྲུང་གོ་སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་འཕྲལ་མར་ཀྲུང་གོར་བཅའ་སྡོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་ལ་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། ཆུ་ཚོད་24ཡི་དབྱིན་སྐད་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ཏེ་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་ནང་མིར་སྣེ་ལེན་དང་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས། ཟླ་9ཚེས་2ཉིན་བར་རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་གྱི་ནང་མི་མི་ཐེངས་428ཀྱི་ཁ་པར་འབྱོར་བ་དང་ནང་མི་587ལ་སྣེ་ལེན་ཞུས། འགན་འཁུར་བའི་རྣམ་འགྱུར་དང་ལས་ཕྱོད་ཆེ་ལ་ཡོངས་བསྒྲགས་ཀྱི་བྱ་སྤྱོད་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཤེས་དང་བརྩི་འཇོག་ཐོབ།
ཉིན་བཅུའི་རིང་། ཀྲུང་དབྱང་ནས་ས་གནས་བར་དང་། དམག་དཔུང་ནས་དམངས་ཁྲོད་བར། སྲིད་གཞུང་ནས་ཁེ་ལས་བར་བཅས་ཀྱི་སྟོབས་ཤུགས་རེ་རེ་བཞིན་སྐྱིད་གྲོང་དུ་འཛོམས་པ་དང་། གཅེས་སེམས་རེ་རེ་བཞིན་ལུང་གཞུང་དུ་བརྒྱུད་སྤྲོད་བྱས་ནས་ནམ་ཡང་ཞོམ་ཞིག་མེད་པའི་ཚེ་སྲོག་གི་འགོག་སྲུང་འཛིང་རགས་ཤིག་བསྐྲུན།
ཚན་རིག་དང་མཐུན་པའི་ཐག་གཅོད།
བློ་གྲོས་དང་དཔའ་ངར་ཆེ་བའི་གནད་སྨིན་འགག་སྒྲོལ།
གནོད་འཚེ་ཚབས་ཆེ་བའི་མདུན་དུ་ཚན་རིག་དང་མཐུན་པའི་ཁུངས་འདེད་བྱེད་པ་ནི་རོགས་སྐྱོབ་ཐབས་ཇུས་ཀྱི་རྨང་གཞི་ཡིན།
གནོད་འཚེ་ཐོན་རྗེས་རང་བྱུང་ཐོན་ཁུངས་པུའུ་དང་། ཆུ་བེད་པུའུ། ཀྲུང་གོ་ཚན་རིག་ཁང་སོགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་འཕྲལ་མར་ལག་རྩལ་ཚོགས་པ་བཙུགས་ནས་ས་གནས་ས་ཐོག་ཏུ་བསྐྱོད། ཁོང་ཚོས་གནོད་འཚེ་ཐོན་རྐྱེན་གཙོ་བོ་ནི་ནེ་པ་ལའི་ས་ཁོངས་ཀྱི་འཁྱགས་རུད་ལས་བྱུང་བ་ཡིན་པ་མགྱོགས་མྱུར་རྩད་ཆོད་པ་མ་ཟད། འཁྱིལ་མཚོའི་ཆུ་ཁའི་ཉེན་ཁ་མགྱོགས་མྱུར་ཤེས་རྟོགས་ཐུབ།
མདུན་ཕྱོགས་བཀོད་འདོམས་པུས་འཕྲལ་དུ་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་ལས་དོན་ཚོགས་ཆུང་བཙུགས་པ་དང་སྡེ་ཚན་མང་པོའི་རིགས་གཅིག་མཁས་ཅན་དང་ཀྲུང་གོ་ཚན་རིག་ཁང་གི་ཚན་ཞིབ་མི་སྣ་མཉམ་དུ་དེ་གར་བཅའ་སྡོད་བྱས། ཀྲུང་གོ་ཨན་ནེང་མྱུལ་ཞིབ་ཚད་ལེན་ཡན་ལག་རུ་ཁག་གིས་མི་མེད་གནམ་གྲུ་དང་ལྡེབས་མཐའི་ལེ་ཏ་སོགས་སྒྲིག་ཆས་ཁྱེར་ནས་འཐབ་ས་དང་པོར་བསྐྱོད་པ་དང་། ཆུ་བེད་པུའི་ཆུ་དཔྱད་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་རུ་ཁག་གིས་ས་ཚུགས་ཁག་ཏུ་བསྐྱོད་དེ་སྒྲིག་ཆས་བསྒར་བ་དང་ཆུ་ཁ་མཐོ་དམན་ལྟ་ཞིབ་ཚད་ལེན་བྱས།
ལྟེ་བའི་ཁུལ་དུ་རོགས་སྐྱོབ་མི་སྣས་ལྡེབས་མཐའི་ལེ་ཏ་དང་། ལེ་ཏ་དང་བརྙན་མིག་གཞི་གཅིག་ཅན་གྱི་བརྙན་ལམ་ལྡིར་སོ་སྤྲོས་ཆས། འདམ་རྫབ་དང་ཆུ་ཁའི་མཐོ་དམན་ལྟ་ཞིབ་ཚད་ལེན་སོགས་ཚན་རྩལ་འདུས་ཚད་མཐོ་བའི་སྒྲིག་ཆས་འགག་རྩའི་གནས་སུ་བཀོད་སྒྲིག་བྱས་ནས“མི་ཐབས་མཉམ་འགོག”གི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་དྲ་བ་ཞིག་བསྐྲུན།
རོགས་སྐྱོབ་དཔུང་ཁག་གིས་གསོན་པོ་འཚོལ་ཆས་དང་རྫི་ཁྱི་སོགས་ཆེད་ལས་སྟོབས་ཤུགས་སྤྱད་དེ་རླངས་འཁོར་འཇོག་ས་དང་མཉམ་བཤེར་ཐོག་ཁང་སོགས་གཙོ་གནད་ས་ཁོངས་སུ་ལེབ་བཤེར་རྣམ་པའི་འཚོལ་ཞིབ་བྱས། འགྲོ་ལམ་མྱུར་བཟོ་ཐུབ་ནས་འཕྲུལ་ཆས་ཆེ་གྲས་ལྟེ་བའི་ཁུལ་དུ་འབྱོར་བ་དང་བསྟུན་བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་གཏིང་རིང་བའི་འདམ་རྫབ་གཤོང་འགོ་ཚུགས་ནས་འཚོལ་སྐྱོབ་ལས་དོན་དེ་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་།
ཟླ་9ཚེས་4ཉིན་གྱི་ཆུ་ཚོད་18བར། གནོད་འཚེའི་རྐྱེན་གྱིས་མི་31རྐྱེན་ལམ་དུ་ཤོར་བ་དང་མི་531དང་འབྲེལ་བ་ཆད་ཡོད། གྲང་ཤུར་ཤུར་གྱི་གྲངས་གཞིའི་རྒྱབ་ཏུ་ཁྱིམ་ཚང་མང་པོ་ཞིག་ཁ་ཐོར་སོང་ཡོད་པས། རྗེས་འཇུག་ལས་དོན་དེ་ཧ་ཅང་གལ་ཆེ་བའི་གནས་སུ་བཞག
བཀོད་འདོམས་པུས་ཐོབ་ཐང་གསལ་འབྱེད་དང་སྣེ་ལེན་སེམས་གསོ་སོགས་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་སྐུ་ཕུང་དུས་ཐོག་ཏུ་བརྒྱུད་འདྲེན་དང་དབྱེ་འབྱེད་བྱས་པ་དང་གསར་རྙེད་བྱུང་བའི་གཤིན་རྫས་དབྱེ་བ་གསལ་པོ་ཕྱེ་བ་མ་ཟད། རྩིས་སྤྲོད་ལེགས་པར་བྱས།
དེ་བས་གལ་ཆེ་བ་ཞིག་ནི་སེམས་ཁུར་སེམས་གསོ་བྱ་རྒྱུ་དེ་ཡིན་ཞིང་། ལས་བྱེད་པ་དང་སེམས་ཁམས་རོགས་སྐྱོར་གྱི་རིགས་གཅིག་མཁས་ཅན་སྐོང་འཐེན་བྱས་ཏེ་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣའི་ནང་མིར“གཅིག་གཏད་གཅིག”གི་ཞབས་འདེགས་ཞུས་ཏེ། སྣེ་ལེན་དང་། སེམས་གསོ། སེམས་ཁམས་ཁྲིད་སྟོན་བཅས་ནས་ཟ་སྡོད་འགན་ལེན་བར་གྱི་ལྷུ་ཚིགས་ཚང་མ་ཞིབ་ཚགས་དང་འཐུས་ཚང་ཡོང་བར་བྱས།
དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་ཟོལ་མེད་རོགས་སྐྱོར་བྱས་ཤིང་། དེའི་རྒྱབ་ཏུ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། རོགས་སྐྱོབ་མི་སྣས་ཉེན་ཁར་མི་འཛེམས་པར་མདུན་སྐྱོད་དང་རང་སྲོག་བློས་གཏོང་ཕོད་པའི་དཔའ་བོའི་བློ་སྟོབས་ཡོད་ལ། རྒྱལ་ཡོངས་མི་དམངས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་ཀུན་སེམས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོའང་འདུས་ཡོད།
གསར་འགོད་པའི་ཟིན་བྲིས།
རླངས་འཁོར་བཏང་ནས་སྐྱིད་གྲོང་དུ་སྐྱོད་པའི་ལམ་བར་དུ་རོགས་སྐྱོབ་རླངས་འཁོར་མང་པོ་བང་རིང་པོར་བསྒྲིགས་ཡོད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་ཚང་མ་ཕྱོགས་གཅིག་ཏུ་སྐྱོད་བཞིན་འདུག གནོད་འཚེ་ཕོག་ཁུལ་དུ་འབྱོར་ནས་མིག་མདུན་གྱི་རྣམ་པ་མཐོང་དུས་སྨྲ་བསམ་བརྗོད་ལས་འདས་སོང་། ལྟེ་བའི་ཁུལ་ཆུ་རུད་ཀྱིས་ཤུལ་མེད་དུ་བཏང་ཡོད་པ་དང་། རོགས་སྐྱོབ་མི་སྣའི་ལུས་པོ་ཡོངས་འདམ་རྫབ་ཀྱིས་འཚོས་ཡོད་ཀྱང་སྔར་བཞིན་འཚོལ་སྐྱོབ་ལས་ལ་བྲེལ།
བཅར་འདྲི་བྱེད་པའི་ཉིན་བཅུའི་རིང་། ང་ཚོས་མདུན་ཕྱོགས་དང་རྒྱབ་ཕྱོགས་གང་སར་ཕྱིན་པ་ཡིན། རྒྱལ་ལམ་216མྱུར་བཟོ་བྱེད་སར་ཉིན་མཚན་དབྱེར་མེད་དུ་ལས་མཚམས་མ་བཞག་པར་ལམ་གཤོང་བཞིན་འཁང་ར་བྱེད་མཁན་སུ་གཅིག་ཀྱང་མེད་པའི་གནས་ཚུལ་དང་། ལྟེ་བའི་ཁུལ་དུ་སྐྱོད་པའི་རི་ལམ་དུ་འཕྲལ་སྒྲུབ་རུ་ཁག་གིས་དཀའ་སྤྱད་སྡུག་རུས་ཀྱིས་ཚེ་སྲོག་གི་བགྲོད་ལམ་བཟོ་བའི་རྣམ་པ། ལྟེ་བའི་ཁུལ་གྱི་འཚོལ་སྐྱོབ་བྱ་ཡུལ་དུ་མེ་གསོད་རོགས་སྐྱོབ་མི་སྣས་འདམ་རྫབ་སྐེད་པའི་མཚམས་སུ་སླེབས་ནའང་ཕྱིར་བཤོལ་མི་བྱེད་པའི་རྣམ་པ་ཟིན་ཐོར་བཀོད་ཡོད།
གནས་ཚུལ་འདི་དག་སྤེལ་ནས་ང་ཚོས་བརྗོད་འདོད་པ་ནི་རོགས་སྐྱོབ་ཀྱི་མྱུར་ཚད་དང་སྟོབས་ཤུགས་ཙམ་མ་ཡིན་པར། མི་དཀྱུས་མ་རེ་རེས་གནོད་འཚེའི་མདུན་དུ་བློ་བརྟན་འགྱུར་མེད་དང་དྲོ་སྐྱིད་ལྡན་པའི་རྣམ་པ་བརྒྱུད་སྤྲོད་བྱ་ཆེད་ཡིན། གནོད་འཚེར་ཡ་ང་སྙིང་རྗེ་མེད་ཀྱང་གདོང་མཆོང་གི་གཟུགས་བརྙན་དང་ཕན་ཚུན་ལྟ་སྐྱོང་གི་འོད་སྣང་ལས་ང་ཚོར་གདེང་ཚོད་ཆེན་པོ་སྐྱེས་ཐུབ་པ་སྟེ། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་ནི་འབོད་ཚིག་ཙམ་མིན་པར་སྐར་མ་རེ་རེ་དང་སྐར་ཆ་རེ་རེ་བཞིན་ལག་ལེན་བསྟར་བའི་ཁས་ལེན་ཞིག་རེད།
འབྲེལ་ཡོད་གསར་འགྱུར།