དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེ་དང་གནམ་གཤིས་དྲོ་རུ་ཕྱིན་པའི་དབར་འབྲེལ་བ་ཡོད་དམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-06

    ད་ཐེངས་ཀྱི་ཆུ་རུད་གནོད་འཚེ་ནི་གནམ་གཤིས་དྲོ་རུ་ཕྱིན་པ་ལས་ཐོན་པ་ཡིན་ནམ།

    གསར་འགོད་པས་འབྲེལ་ཡོད་རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱས་པ་རེད།

    བཅར་འདྲི་དང་ལེན་བྱེད་མཁན་རིགས་གཅིག་མཁས་ཅན་གྱིས། ད་ཐེངས་ཀྱི་གནོད་འཚེ་དེ་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་འབྲེལ་བ་ཡོད། གནམ་གཤིས་དྲོ་རུ་ཕྱིན་པ་ལས་འཁྱགས་རོམ་བཞུར་ཚད་མགྱོགས་སུ་ཕྱིན་ཞིང་། འཁྱགས་རོམ་དང་། ས་གཤིས་དང་ས་དབྱིབས། གནམ་གཤིས་བཅས་ཀྱི་རྒྱུ་རྐྱེན་མང་པོ་རིམ་བརྩེགས་བྱས་པ་ནི་ད་ཐེངས་ཀྱི་གནོད་འཚེ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་རེད། འཁྱགས་རོམ་ཉིལ་ནས་ཐོན་པའི་ཞོར་ཐོན་གནོད་འཚེའི་རྙོག་འཛིང་རང་བཞིན་དང་དེ་བཞིན་རྒྱལ་མཚམས་སྒྲོལ་བའི་མཉམ་འགུལ་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་རང་བཞིན་དེ་ལས། ས་བབ་མཐོ་བའི་ས་ཁུལ་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ལ་དཀའ་གནད་མང་པོ་འཕྲད་ཡོད་ཅེས་བཤད།

    མིག་སྔར། གནམ་གཤིས་དྲོ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་འཁྱགས་པ་ཐེབས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་གནོད་འཚེའི་དབར་གྱི་འབྲེལ་བར་མུ་མཐུད་འགྱུར་ལྡོག་འགྲོ་བ་དང་མཚོ་བོད་ས་མཐོའི་འཁྱགས་རོམ་བཞུར་ནས་འཁྱགས་རྒྱ་ཆུང་དུ་འགྲོ་ཚབས་ཆེ་རུ་ཕྱིན་པ་དེ། ས་ཁོངས་རང་བཞིན་གྱི་ས་གཤིས་གནོད་འཚེ་ཡང་ཡང་ཐོན་པའི་རྒྱབ་ལྗོངས་གལ་ཆེན་ཞིག་ཏུ་གྱུར་ཡོད། རང་རྒྱལ་གྱིས་ལོ་60ལས་བརྒལ་བའི་སྒྲིག་ཐེངས་གསུམ་གྱི་འཁྱགས་རོམ་དཀར་ཆག་མ་ལག་གི་བརྟག་དཔྱད་གྲངས་གཞིར་བརྟེན་ནས། མཚོ་བོད་ས་མཐོའི་འཁྱགས་རོམ་བཞུར་ནས་འཁྱགས་རྒྱ་ཆུང་དུ་འགྲོ་བའི་གནས་ཚུལ་ངོས་འཛིན་གསལ་པོ་བྱུང་སྟེ། ས་ཁོངས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་གྲངས་གཞིའི་འདེགས་སྐྱོར་བརྟན་པོ་ཐུབ་ཡོད།

    ཆ་ཚང་བའི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར། མཚོ་བོད་ས་མཐོའི་ཐེངས་དང་པོའི་འཁྱགས་རོམ་དཀར་ཆག་ནང་དུ་འཁྱགས་རོམ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5.1ཟིན་པ་དང་། ཐེངས་གཉིས་པའི་འཁྱགས་རོམ་དཀར་ཆག་ནང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4.4བར་ཆུང་དུ་ཕྱིན་པ། གསར་དུ་བསྒྲིགས་པའི་ཐེངས་གསུམ་པའི་འཁྱགས་རོམ་དཀར་ཆག་ནང་གི་གྲངས་གཞི་ལས་མཚོ་བོད་ས་མཐོའི་འཁྱགས་རོམ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3.9བར་ཆུང་དུ་ཕྱིན་པ་མངོན་གྱི་ཡོད།

    ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་རི་ཁུལ་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་ཁེང་ཧྲི་ཁྲང་གིས་ངོ་སྤྲོད་བྱས་པར། འདས་ཟིན་པའི་ལོ་60ཡི་རིང་མཚོ་བོད་ས་མཐོའི་འཁྱགས་རོམ་གྱི་རྒྱ་ཁྱོན་24%ཆུང་དུ་ཕྱིན་པ་དང་། རྒྱ་ཁྱོན་ཆུང་དུ་འགྲོ་ཚད་བཞི་ཆ་གཅིག་ཙམ་ཟིན་པ། ཆུང་དུ་འགྲོ་ཚུལ་མངོན་གསལ་ཤིན་ཏུ་དོད་པོ་ཡོད། ཁོང་གིས“དེའི་ནང་མཚོ་བོད་ས་མཐོའི་ལྷོ་རྒྱུད་དུ་ཆུང་དུ་འགྲོ་ཚད་མངོན་གསལ་དོད་ཤོས་ཡིན་པ་དང་། གངས་ཏི་སི་རི་བོ་དང་། གཉན་ཆེན་ཐང་ལྷ། ཧི་མ་ལ་ཡ་སོགས་ས་ཁོངས་ཀྱི་འཁྱགས་རོམ་ལོ་60ལ་ཆུང་དུ་འགྲོ་ཚད་40%ཙམ་ཟིན་གྱི་ཡོད། འགྱུར་ལྡོག་ཆེན་པོ་དེ་འདྲ་འབྱུང་རྐྱེན་གཙོ་བོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པས་རེད”ཅེས་བཤད།

    འཁྱགས་རོམ་རྒྱུན་ཆད་མེད་པར་བཞུར་པ་དེས་ས་མཐོའི་འཁྱགས་མཚོའི་གྲངས་འབོར་དང་རྒྱ་ཁྱོན་ཆེས་ཆེར་འཕར་བར་ཐད་ཀར་ཤུགས་རྐྱེན་ཐེབས་ཏེ། འཁྱགས་མཚོའི་ཆུ་ལོག་དང་ཆུ་རུད་སོགས་ཀྱི་གནོད་འཚེ་འབྱུང་ཉེན་ཇེ་ཆེར་ཕྱིན་ཡོད། མིག་སྔར་མཚོ་བོད་ས་མཐོར་ཁྱོན་འཁྱགས་མཚོ་ཁྲི་1.4ལྷག་ཙམ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1100ལྷག་ཙམ་ཟིན་པ། སྤྱི་ཡོངས་ནས་རྒྱུན་མཐུད་དང་མགྱོགས་མྱུར་རྒྱ་ཆེར་འགྲོ་བའི་རྣམ་པ་མངོན་པ་བཅས་ལས་གནོད་འཚེའི་མངོན་མེད་རྐྱེན་ངན་རྒྱུན་ཆད་མེད་པར་ཕུང་གསོག་ཐེབས་བཞིན་ཡོད།

    ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་རི་ཁུལ་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཉེ་ཡུང་གིས་ངོ་སྤྲོད་བྱས་པར། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་མཚོ་བོད་ས་མཐོའི་འཁྱགས་མཚོ་ཁྱོན་ཡོངས་ནས་རྒྱ་སྐྱེད་འགྲོ་ཚུལ་མངོན་གསལ་དོད་པ་དང་། ལྷག་པར་དུ་རང་རྒྱལ་ལྷོ་རྒྱུད་མཐའ་མཚམས་ཀྱི་ཧི་མ་ལ་ཡའི་རི་ཁུལ་དུ་མངོན་གསལ་དོད་ཤོས་ཡིན་ཞིང་། ས་ཁོངས་དེའི་འཁྱགས་མཚོའི་རྒྱ་ཁྱོན་ལོ་རེར་ཆ་སྙོམས་1%ཙམ་ཆེ་རུ་ཕྱིན་ཏེ། རྒྱུན་མཐུད་རྒྱ་སྐྱེད་འགྲོ་བའི་འཁྱགས་མཚོ་དེ་ས་བབ་མཐོ་བའི་ས་ཁུལ་གྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྱི་གཞི་རྟེན་གཙོ་བོར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།