དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞུང་ལམ་ཤར་གཏོང་ཐུབ་ནས་འཚོ་བ་ཡག་ཏུ་ཕྱིན་པ།

    ——མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས་འགྲིམ་འགྲུལ་འཕེལ་རྒྱས་ལ་བརྟེན་ནས་མཐའ་དར་དམངས་ཕྱུག་གི་བདེ་སྐྱིད་ལམ་བུ་བཏིང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-06

    ཧི་མ་ལ་ཡའི་རི་རྒྱུད་དང་གངས་ཏི་སིའི་རི་རྒྱུད་དབར་ཆགས་པའི་རྩྭ་མདའ་རྫོང་ནི་ས་རྒྱ་ཆེ་ཞིང་གྲོང་ཚོ་ཁག་ཐར་ཐོར་དུ་གནས་པ་དང་། རི་མཐོ་གྲོག་རོང་ཤིན་ཏུ་མང་། དེ་སྔ་ལམ་གུ་དོག་པ་དང་། གཡང་གཟར་བ། གུག་ཆ་ཆེ་བ། དགུན་དུས་གངས་ཆེན་པོ་བབས་ནས་ལམ་འགག་པ་བཅས་ནི་མང་ཚོགས་ཚོའི་འགྲོ་སྐྱོད་ཀྱི་དཀའ་ངལ་ཆེ་ཤོས་ཡིན་པས། ལམ་བདེ་པོ་ཞིག་ཤར་གཏོང་ཐུབ་རྒྱུ་ནི་མང་ཚོགས་ཀྱི་རེ་བ་ཆེ་ཤོས་རེད།

    “ལོ་ལྔ་ཚན་བཅུ་བཞི་པ”ནི་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འགག་རྩའི་དུས་མཚམས་ཤིག་ཡིན་ལ། རྩྭ་མདའ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བའི་རྫོགས་ལྡན་གྱི་ལོ་ལྔ་ཡང་རེད། ལོ་5ཡི་རིང་རྩྭ་མདའ་རྫོང་གིས་རྒྱལ་ཁབ་ཀྱི་མཐའ་དར་དམངས་ཕྱུག་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་ཐག་རིང་ལུང་ཁུག་ས་ཁུལ་གྱི་འགྲིམ་འགྲུལ་གྱི་འཇུར་མིག་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་བ་རེད། དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པའི་མཐའ་མཚམས་སུ་ད་ཆ་ལམ་དྲའི་བཀོད་པ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། གཉེར་སྐྱོང་བཅས་ཀྱི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་མངོན་འགྱུར་བྱུང་ཡོད།

    རང་བྱུང་འོབས་ཆེན་བཤངས་ནས་འཕེལ་རྒྱས་ཀྱི“མྱུར་ལམ”བཏོད་པ།

    རྩྭ་མདའི་ས་གཞི་ཆེ་མོར་སྐྱོད་སྐབས། སྣུམ་ནག་ལམ་དྲུ་སའི་གྲོག་རོང་བརྒྱུད་ནས་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་ཚོ་ཚོང་མར་བསྲིངས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་དེང་རབས་ཅན་གྱི་གཞུང་ལམ་དྲ་བས“དགུན་དུས་ལམ་འགག་པ་དང་། དབྱར་དུས་འདམ་རྫབ་ཀྱིས་ཁེངས་པ། ཕྱིར་སྐྱོད་དཀའ་བ”བཅས་ཀྱི་དུས་ཚིགས་རང་བཞིན་གྱི་འགྲིམ་འགྲུལ་དཀའ་གནད་རྦད་དེ་བསལ་ཡོད།

    རྩྭ་མདར་ལས་ཀ་བྱས་ནས་ལོ་20ལྷག་ཙམ་སོང་བའི་རྡོ་རྗེ་ཕུན་ཚོགས་ཀྱིས་རྐང་འོག་གི་ལམ་བུར་འགྱུར་ལྡོག་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་ཞིང་། “དེ་སྔ་རྫོང་ཡོངས་སུ་སྣུམ་ནག་ལམ་ཤར་གཏོང་ཐུབ་པའི་ཤང་དང་གྲོང་རྡལ་ཧ་ཅང་ཉུང་ཉུང་རེད་ལ་འགྲོ་ལམ་མང་ཆེ་བ་ཡང་བྱེ་རྡོའི་ལམ་རེད། སྐབས་དེ་དུས་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་འགྲོ་བར་དཀའ་ཚེགས་ཆེ་ཤོས་ཡིན་པ་དང་ལམ་ངོས་ལ་འབར་འབུར་མང་བས་ལམ་རྐྱང་པར་ཆུ་ཚོད་6ལྷག་ཙམ་འགོར་གྱི་ཡོད། དགུན་དུས་གངས་ཆེན་པོ་བབ་རིམ་བཞིན་ས་གནས་དེ་གའི་མང་ཚོགས་ཕྱི་རོལ་དང་འབྲེལ་ཐག་རྦད་དེ་ཆད་ཀྱི་ཡོད”

    ད་ཆ་སྣུམ་ནག་ལམ་ཚང་མར་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཤར་གཏོང་ཐུབ་པའི་དུས་ཚོད་ཀྱང་ཆེས་ཆེར་ཐུང་དུ་ཕྱིན་ཏེ་ཕྱིར་སྐྱོད་དཀའ་བའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད།

    གྲངས་གཞི་ནི་དཔང་པོ་ཡག་ཤོས་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྩྭ་མདའ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་88ལྷག་ཙམ་བཏང་ནས་རིགས་ཁག་གི་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་27ལག་བསྟར་བྱས་པར་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་617མང་དུ་ཕྱིན་པ་དང་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་2643ལས་བརྒལ་ཡོད། རྫོང་ཡོངས་ཀྱི་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ནས་ཞིང་འབྲོག་ཁུལ་གྱི“ཕྱིར་སྐྱོད་དཀའ་བ་དང་ཕྱིར་སྐྱོད་ཉེན་ཁའི”ལེའུ་རྙིང་པ་རྦད་དེ་མཇུག་འགྲིལ་བ་རེད།

    “ལམ་བཟོས་རྗེས་ཉེན་ཆེའི་ལམ་དུམ་ཡང་ཉུང་དུ་སོང་ཡོད། རྒྱུན་རྣམ་ཅན་གྱི་འགྲོ་ལམ་བདག་སྐྱོང་དང་དགུན་དུས་གངས་བཤངས་ནས་ཤར་གཏོང་འགན་ལེན་གྱི་ལམ་སྲོལ་ལ་བརྟེན་ནས་ད་ཆ་སྤྱིར་ན་ལོ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ཀྱི་ཡོད། འགྲིམ་འགྲུལ་འཐབ་ཕྱོགས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཡུལ་མི་ཚོ་ཕྱིར་སྐྱོད་སྐབས་གནམ་གཤིས་ཀྱི་ཚོད་འཛིན་མི་ཕོག་པ་དང་བདེ་འཇགས་ཀྱི་ལམ་བུར་བདེ་པོའི་ངང་བསྐྱོད་པ་མཐོང་སྐབས། སེམས་ནང་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག”ཅེས་རྡོ་རྗེ་ཕུན་ཚོགས་ཀྱིས་རྒྱང་རིང་དུ་སྣུར་སྲིང་བྱས་པའི་གཞུང་ལམ་ལ་ལྟ་བཞིན་དེ་ལྟར་བརྗོད།

    སྟབས་བདེའི་ཕྱིར་སྐྱོད་ཀྱིས་དམངས་ཕན་གྱི“དྲོ་སྐྱིད་དྲ་བ”དམ་དུ་བཏང་བ།

    ལམ་དྲ་ཤར་གཏོང་ཐུབ་རྗེས་ཇི་ལྟར་བྱས་ནས་མང་ཚོགས་ཚོ“སྐྱོད་ཐུབ་པ”མ་ཟད “སྐྱོད་བདེ་པོ་དང་བློ་བདེ་པོ”ཡོང་བ་བྱེད་དགོས་སམ། དེའི་ཐད་རྩྭ་མདའ་རྫོང་གིས་སྐྱེལ་འདྲེན་ཞབས་ཞུའི་རིམ་པ་མཐོ་རུ་བཏང་ཞིང་།

    རྩྭ་མདའ་རྫོང་འགྲུལ་སྐྱེལ་ས་ཚིགས་ཀྱི་ཅིང་ལི་གཞོན་པ་ཀརྨ་ཚེ་རིང་གིས་གསར་འགོད་པར། དེ་སྔ་ལམ་གྱི་གནས་ཚུལ་དང་འགྲུལ་རྒྱུན་གྱི་ཚོད་འཛིན་ཕོག་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གཟའ་ཟླ་བ་དང་གཟའ་པ་སངས་ཁོ་ནར་མ་གཏོགས་གཏོང་གི་མེད། ད་ཆ་རྫོང་གིས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་རླངས་འཁོར་གཏོང་ཐེངས་སྐབས་བསྟུན་ལེགས་སྒྲིག་བྱས་པ་སྟེ། བསྟི་ཡག་དང་། རྫ་རོང་། ཚོ་སྲིབ་གསུམ་དཀྱིལ་སོགས་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་ལ་དམིགས་ནས“གཅིག་གསུམ་ལྔ་གཤམ་སྐྱོད་དང་གཉིས་བཞི་དྲུག་ཕྱིར་ལོག”གི་རྒྱུན་རྣམ་ཅན་གྱི་ལམ་ཐིག་བཟོས་པ་དང་། བྱང་རྩེ་དང་མདའ་འབབ་སོགས་གྲོང་འདབས་ལ་ཉིན་ལྟར་རླངས་འཁོར་གཏོང་བ་དང་གྲོང་འདབས་ཀྱི་གྲོང་ཚོ་ཁག་གཅིག་ལ་ཉིན་གཅིག་ནང་རླངས་འཁོར་ཐེངས་བཞི་བཏང་ནས་སྟབས་བདེ་ཚད་རྫོང་གྲོང་གི་སྤྱི་སྤྱོད་རླངས་འཁོར་དང་གཉིས་སུ་མེད།

    འགྲུལ་སྐྱེལ་ཞབས་ཞུའི་ཤོང་རྒྱ་ཆེ་རུ་དང་རིམ་སྤོར་བྱུང་བ་དེ་ནི་མཁྲེགས་ཆས་ལེ་ལག་ཚང་སྒྲིག་དང་གཉེར་སྐྱོང་ལམ་སྲོལ་འགན་ལེན་བྱས་པའི་དབང་གིས་རེད། གྲོང་གསེབ་ཀྱི་འགྲུལ་སྐྱེལ་དེ་ཐོག་མར་ལས་གཉེར་དུས་ཀྱི་རླངས་འཁོར་2དང་རྨང་གཞིའི་ལམ་ཐིག་3ནས་ད་ཆའི་ཚད་ལྡན་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་7དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་6བར་འཕེལ་རྒྱས་ཕྱིན་ཡོད། 2025ལོར་འགྲུལ་སྐྱེལ་ས་ཚིགས་ཀྱིས་རྫོང་སློབ་གསོ་ཅུས་དང་མཉམ་ལས་གྲོས་མཐུན་བཞག་སྟེ། ཆེད་མངགས་དགུན་གསེང་དང་དབྱར་གསེང་རིང་སློབ་མ་བསུ་སྐྱེལ་གྱི་ཆེད་སྤྱོད་ལམ་ཐིག་བཟོས་ནས་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་སློབ་མ་ཕ་ཡུལ་དུ་ལོག་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།

    ཐག་རིང་ལུང་ཁུག་གི་གྲོང་གསེབ་ཏུ་ཟོག་འགྲུལ་ཤར་གཏོང་མི་ཐུབ་པ་དང་བསྐུར་མ་ཡུན་རིང་སྒུག་དགོས་པ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། རྩྭ་མདའ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་འགྲུལ་སྐྱེལ་ས་ཚིགས་དང་རྫོང་སྦྲག་སྲིད་ཀུང་སིའི་དབར་མཉམ་ལས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གྱིས་མྱུར་སྐྱེལ་བསྐུར་མ་འཁུར་གྱི་ཡོད། འགྲུལ་སྐྱེལ་དུས་གཏན་རླངས་འཁོར“མྱུར་སྐྱེལ་རླངས་འཁོར”ལ་གྱུར་ནས་ཤང་དང་གྲོང་རྡལ་གྱི་མང་ཚོགས་ལ་མྱུར་སྐྱེལ་བསྐུར་མ་འབྱོར་བའི་དུས་ཚོད་ཐུང་དུ་ཆེན་པོ་ཕྱིན་ཏེ“དྲ་ཐོག་ནས་ཉོས་པའི་ཚོང་ཟོག་གྲོང་ཚོར་འབྱོར་བ་དང་ས་མཐོའི་ཡུལ་ཟོག་གྲོང་ཁྱེར་དུ་འཚོང་ཐུབ་པ”བྱུང་ཡོད།

    རྩྭ་མདའ་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་ལས་གཉེར་པུའི་ཀྲུའུ་རེན་སྐལ་བཟང་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། ཤར་གཏོང་ཐུབ་པའི་རྫོང་ཁོངས་ཀྱི་སྦྲག་ལམ་ལ་བརྟེན་ནས་སྦྲག་སྲིད་ཀྱིས་བརྟན་པོ་དང་། དུས་ཐོག བདེ་འཇགས་བཅས་ཀྱི་སྒོ་ནས་ཤང་དང་གྲོང་རྡལ་ཁག་ཏུ་ཚགས་པར་དང་དུས་དེབ་སྐྱེལ་བ་དང་། སྲིད་དོན་ཡིག་ཆ་བརྒྱུད་སྐྱེལ། མང་ཚོགས་ཀྱི་བསྐུར་མ་སྐྱེལ་སྤྲོད། ཞིང་སྤྱོད་དངོས་ཟོག་གཤམ་སྐྱེལ་སོགས་ཀྱི་ཞབས་ཞུ་སྤེལ་ཏེ། གྲོང་གསེབ་ཀྱི་སྦྲག་བསྐུར་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་རེད།

    དམངས་འཚོ་ལེགས་སུ་ཕྱིན་ནས་བདེ་སྐྱིད་ཀྱི་འཆར་གཞི་གསར་པ་བཀོད་པ།

    རྩྭ་མདའ་རྫོང་རྫ་རོང་ཤང་དུ་འགྲིམ་འགྲུལ་ལེགས་སུ་ཕྱིན་པ་ལས་འགྱུར་ལྡོག་དེ་བས་མངོན་གསལ་དོད་པོ་བྱུང་ཞིང་།

    “སྔོན་ཆད་ལོ་ལྟར་གངས་ཆེན་པོ་བབས་ནས་ལམ་ལོ་ཕྱེད་ཙམ་འགག་གི་ཡོད་པས་ལས་བྱེད་པ་དང་མང་ཚོགས་ཚོར་སྔོ་ཚལ་སོས་པ་ཟ་རྒྱུ་མེད། གནམ་གཤིས་དྲོ་རུ་འགྲོ་དུས་ཤང་གི་ལས་བྱེད་པས་ཁ་ལོ་བ་ཁྲིད་དེ་རྫོང་ནས་ཤང་བར་འགྲོ་ལམ་གཞོགས་གཅིག་གི་གངས་གཤོང་གིན་ཡོང་བ་དང་ཡང་ཤང་ནས་རྫོང་བར་འགྲོ་ལམ་གྱི་གཞོགས་གཞན་དེའི་གངས་གཤོང་གིན་དུ་དཀའ་ངལ་མཐའ་དག་ཁྱད་དུ་བསད་དེ་ཉིན་7དང་མཚན་7རིང་གཞི་ནས་མྱུར་བཟོ་ཐུབ་ཀྱི་ཡོད”ཅེས་རྫ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བྱམས་པ་བསམ་གཏན་གྱིས་དེ་སྔའི་ལོ་ཕྱེད་རིང་གི་ལམ་འགག་པའི་འཚོ་བ་གསལ་ལྷང་ངེར་དྲན།

    འགྲིམ་འགྲུལ་སྟབས་བདེ་མེད་པའི་དུས་སུ་ཨར་སྐྲུན་རྒྱུ་ཆ་ཤང་དུ་དབོར་འདྲེན་བྱེད་སྐབས་རླངས་འཁོར་ཆུང་གྲས་ཁོ་ནོར་བརྟེན་དགོས་ཀྱི་ཡོད་པ་དང་། མང་ཚོགས་ཀྱི་གློག་སྤྱོད་འོད་ཤུགས་ཤེལ་ལེབ་ལ་བརྟེན་དགོས་པའི་ཁར་འཕྲིན་གཏོང་ཡང་རྟག་པར་ཆད་ཀྱི་ཡོད།“ད་ཆ་མ་ལམ་བཟོས་ནས་ལོ་ཧྲིལ་པོར་ཤར་གཏོང་བདེ་བླག་ཐུབ་པ་མ་ཟད། ད་དུང་རྫོང་གྲོང་དུ་སྐྱོད་པའི་དུས་ཚོད་ཀྱང་ཆེས་ཆེར་ཐུང་དུ་ཕྱིན་ཡོད”ཅེས་ཁོང་གིས་དྲན་གསོ་བྱེད་བཞིན་བཤད།

    མི་རྣམས་དེ་བས་དགའ་འོས་པ་ཞིག་ནི་མངའ་རིས་ཀྱི་གློག་དྲ་རྒྱལ་ཁབ་ཀྱི་གློག་དྲ་དང་ཟླ་སྒྲིལ་བཏང་བ་དང་བསྟུན་ནས་མང་ཚོགས་ཀྱི་ཁྱིམ་དུ་གློག་ནུས་བརྟན་པོ་མཁོ་འདོན་ཐུབ་སྟེ་འཁྱགས་སྒམ་མི་སེར་ཚང་མའི་ཁྱིམ་དུ་སྤྱོད་རྒྱུ་བྱུང་ནས་མར་དང་ཤ་སོགས་འཕྲོ་བརླག་འགྲོ་བའི་སེམས་ཁྲལ་བྱེད་དགོས་མེད།

    ལམ་ཤར་གཏོང་ཐུབ་ན་ལས་རིགས་ཀུན་དར། རྗ་རོང་ཤང་གི་ཀུ་ཤུ་དང་། ཁམ་བུ། སུར་པན། སྨན་རྩྭ། སྤོས་སོགས་ཁྱད་ལྡན་ཐོན་ཟོག་རྣམས་ཁོད་སྙོམས་པའི་གཞུང་ལམ་བརྒྱུད་རྒྱ་ཆེ་བའི་ཁྲོམ་རར་འཚོང་ཐུབ་པ་བྱུང་ཞིང་། ན་ནིང་འཕྲུལ་འཁོར་བོགས་གཏོང་དང་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་མི་རེར་ཆ་སྙོམས་འབབ་འཕར་སྒོར་སུམ་སྟོང་བཞི་སྟོང་བྱུང་ཡོད།

    གྲོང་མི་ཚེ་རིང་ཆོས་སྒྲོན་གྱི་ཕྱུག་འགྱུར་གཏམ་རྒྱུད་ཀྱང་ལམ་བཟོས་པ་ནས་འགོ་ཚུགས་ཤིང་། 2018ལོར་ཁོང་གིས་གྲོང་ཚོའི་ནང་ཁང་པ་5ཡོད་པའི་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་བ་དང་། དང་ཐོག་ལམ་ཡག་པོ་མེད་པའི་རྐྱེན་གྱིས་ལོ་གཅིག་དཀའ་ལས་བརྒྱབ་ཀྱང་ཡོང་འབབ་སྒོར་ཁྲི་གཅིག་གཉིས་ལས་རག་མེད། ད་ཆ་སྣུམ་ནག་གཞུང་ལམ་ཁྱིམ་གྱི་སྒོ་ཁར་བཏིང་བས་འཁོར་ཁྲིད་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད། 2025ལོར་མགྲོན་ཁང་ཁོ་ནའི་གཉེར་སྐྱོང་ལས་ཁོང་ལ་འབབ་འཕར་སྒོར་ཁྲི་7ལྷག་ཙམ་བྱུང་ཡོད།

    ཁོང་གིས་མགྲོན་ཁང་གི་ཁང་པར་བསྡུ་གསོག་རྒྱག་བཞིན་དུ“དེ་སྔ་མི་ཡོང་རྒྱུར་སྒུག་ནས་སྡོད་དགོས་ཀྱི་ཡོད། ད་ཆ་འགྲུལ་པ་ཆད་རྒྱུ་མི་འདུག ལམ་གང་དུ་ཤར་གཏོང་ཐུབ་ན་དེའི་འཚོ་བ་ཡང་ཡག་ཏུ་འགྲོ་ངེས་རེད”ཅེས་དགའ་སྤྲོའི་ངང་བཤད།

    གཞུང་ལམ་མདུན་ཕྱོགས་སུ་སྣུར་སྲིང་བྱས་པ་དང་བསྟུན་ནས་རེ་བའང་རྒྱུན་ཆད་མེད་པར་ཆེ་རུ་སོང་སྟེ་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་ཐོབ་ཡོད། སྣུམ་ནག་གཞུང་ལམ་གིས་འགྱུར་ལྡོག་བཏང་བ་ནི་བར་ཐག་ཙམ་མ་ཡིན་པར་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དང་མང་ཚོགས་སེམས་ནང་གི་གདེང་ཚོད་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།