གངས་རིའི་འདབས་ཀྱི་ཚ་སྐམ་རོང་གཞུང་དུ་འབྲས་སྨིན་པ།
——ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གིས་ཆུ་འབྲས་ཚོད་འདེབས་རྒྱ་སྐྱེད་བཏང་བའི་སྐོར་བཀོད་པ།
ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་དབྲ་པ་གྲོང་ཚོར། ནམ་ལངས་མ་ཐག་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བུ་ཕྲུག་གིས་ཞིང་ནང་དུ་འབྲས་མྱུག་རྐང་གཅིག་བཀོག་ནས་ཞིབ་ཕྲ་བལྟས།
“ཡང་སྐྱེ་འཚར་བྱུང་འདུག”ཅེས་ཆིག་ལབ་བརྒྱབ་རྗེས། ཁོང་གིས་ཞིང་ནང་ཕྱོགས་སུ་འཁོར་ནས“བག་གྲོ། དེ་རིང་ཁྱོད་ཚང་གིས་ཆུ་ཐོངས། ཐེངས་གཅིག་ཀྱང་ཉུང་མི་རུང”ཞེས་སྐད་ཤུགས་ཆེན་པོས་བཤད།
ཡུལ་མི་བག་གྲོ་ཡིས་ཨ་ལན་བསློགས་པ་དང་སྦྲགས་རྣང་མ་བརྒྱུད་དེ་ཆུ་ཡུར་གྱི་རྐ་འགོར་སོང་། ད་ལོ་དབྲ་པ་གྲོང་ཚོའི་ཞིང་དུད་27གྱིས་ཆུ་འབྲས་བཏབ་པ་དང་བག་གྲོའི་ཁྱིམ་གྱིས་འབྲས་དམར་མུའུ་གཅིག་ཙམ་བཏབ་ཡོད། བུ་ཕྲུག་གིས་ཁོ་པར“འབྲས་ལ་འཚོ་བཅུད་བཟང་བས་སྔོན་དཔག་བྱས་ན་རྒྱ་མ་རེར་སྒོར་10བྱས་ནས་བཙོང་ཐུབ”ཅེས་ཕུགས་རྩིས་རྒྱག་རོགས་བྱས་ཡོད།
བུ་ཕྲུག་གིས་ཆུ་ཡུར་དུ་ཤང་ཤང་རྒྱུག་བཞིན་པའི་ཆུ་སྦར་མོ་གང་བཅུས་པ་དང་། “ན་ནིང་ཚོད་འདེབས་བྱས་པ་དང་ད་ལོ་དངོས་སུ་བཏབ་པ་ཡིན”ཞེས་བཤད།
དབྲ་པ་གྲོང་ཚོར་མུའུ་0.3ཚོད་འདེབས་བྱས་པ་ནས་ད་ལོ་གྲོང་ཚོ་3གྱི་མུའུ་20ཡི་སར་འདེབས་འཛུགས་བྱས་པའི་བར། མཛོ་སྒང་གི་མང་ཚོགས་ཀྱིས་ཚ་སྐམ་རོང་གཞུང་དུ་འབྲས་བཏབ་ནས་སྨིན་པའི་ངོ་མཚར་བཏོད་ཡོད།
མུའུ་0.3གྱི་ཚོད་འདེབས།
ཆབ་མདོར་ཆུ་འབྲས་བཏབ་ན་ས་བབ་དང་། གནམ་གཤིས། ཆུ་འགོ་སོགས་ཚང་མ་དཀའ་གནད་ཡིན། ན་ནིང་གི་ཟླ་5པར་མཛོ་སྒང་རྫོང་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཟླ་བས་ལག་རྩལ་པ་4ཁྲིད་དེ་དབྲ་པ་གྲོང་ཚོར་སྐྱོད་སྐབས་ཡུལ་མི་ཚོ་ནས་ཞིང་དུ་ལས་ཀར་བྲེལ་བཞིན་ཡོད།
“འདི་གར་ཆུ་འབྲས་འདེབས་རྒྱུ་ཨེ”ཞེས་ཡུལ་མི་ཚོས་ཟླ་བའི་ངོ་སྤྲོད་ཉན་རྗེས་གཅིག་རྗེས་གཉིས་མཐུད་ངང་མགོ་བོ་གཡུགས་ཤིང་། “ང་ཚོའི་འདི་གར་སྔ་ནས་ད་བར་ནས་འདེབས་ཀྱི་ཡོད། འབྲས་ས་ཆུ་མི་འཕྲོད་པས་གཏན་ནས་སྐྱེ་མི་སྲིད”ཅེས་བཤད།
ཟླ་བས་འགྲེལ་བཤད་མང་པོ་མ་བརྒྱབ་པར' ཞིང་ཁའི་ཟུར་དུ་ས་སློག་པ་དང་། ཆུར་ཚད་འཇལ་བ། ས་བབ་ལ་ལྟ་བ་བཅས་བྱས་པར། ས་རྒྱུ་གཤིན་ཚད་དང་། ཞིང་ཆུ་འདྲེན་པའི་ཆ་རྐྱེན། ཞིང་ཁ་ཁོད་སྙོམས་ཚད་བཅས་ཚང་མ་ཚད་གཞི་ལོན་ཡོད། མཐར་ཁོང་གིས“ཚ་སྐམ་རོང་གཞུང་དུ་ཉི་འོད་དྲོ་པོ་ཡོད་པས་ཆུ་འགན་ལེན་ཐུབ་ན་ཚོད་ལྟ་བྱེད་ཆོག”ཅེས་བཤད།
ཚོད་འདེབས་བྱས་པའི་ས་ཞིང་མུའུ་0.3ལས་མེད་ཀྱང་། ཟླ་བ་དང་ཚོགས་པས་ཕྱོགས་ཡོངས་ནས་ས་རྒྱུར་ཞིབ་དཔྱད་ཚད་ལེན་བྱས་པ་དང་ཆབས་ཅིག་སྐྱེ་ལྡན་ལུད་རྒྱག་པ་དང་ས་སློག་བརྒྱབ་ནས་ཉི་སྐམ་བཏང་། ལག་རྩལ་པ་ཚོས་ཡུལ་མིར་འབྲས་ཞིང་རྨོ་སྟངས་དང་ཤ་ལ་རྒྱག་སྟངས་དམར་ཁྲིད་བྱས་ཏེ“ས་ཁོད་མི་སྙོམས་ན་ཆུ་ཤོར་ནས་ལྗང་པ་སྐྱེ་འཚར་ཡག་པོ་ཡོང་མི་ཐུབ”ཅེས་ཡང་ཡང་མངགས། འབྲས་མྱུག་ནི་ཡུན་ནན་བདེ་ཆེན་རྫོང་ནས་དབོར་བའི“ཡུན་འབྲས་ཨང་38པ”དེ་རེད།
ཟླ་4ལྷག་ཙམ་སོང་རྗེས། ཚོད་འདེབས་ཞིང་ཁར་ལོ་ལེགས་བྱུང་བ་སྟེ། མུའུ་རེ་ནས་ཆ་སྙོམས་ཐོན་འབབ་རྒྱ་མ་550ཟིན་པ་དང་མུའུ་རེ་ནས་ཡག་པོ་སྨིན་པའི་འབྲས་སྙེ་ཁྲི་22ལྷག་ཙམ་ཟིན་ཡོད། ཆེད་ལས་ལས་ཁུངས་ལ་ཞིབ་དཔྱད་ཚད་ལེན་བྱེད་རོགས་ཞེས་མངགས་པ་བརྒྱུད། ཕྱིའི་རྣམ་པ་དང་། ལས་སྣོན། འཚོ་བཅུད་བཅས་ཚང་མ་སྤུས་ལེགས་འབྲས་ཀྱི་ཚད་གཞིར་སླེབས་པ་དང་། འབྲས་རྡོག་ཆེ་བ་མ་ཟད་བཙོས་རྗེས་ཧ་ཅང་ཞིམ་པོ་ཡོད་པ་རེད།
“སོ་སོས་བཏབ་པའི་འབྲས་ཟ་ཐེངས་དང་པོ་ཡིན། ཧ་ཅང་དགའ་པོ་འདུག”ཅེས་ཡུལ་མིས་བཤད།
“མུའུ་0.3ཚོད་འདེབས་ཡག་པོ་བྱུང་བར་ལེགས་གྲུབ་མི་ཟེར། མི་དེ་བས་མང་བས་མཉམ་དུ་འདེབས་དགོས”ཞེས་ཟླ་བས་བཤད།
མུའུ་20ཡི་གདེང་ཚོད།
ད་ལོ་དབྲ་པ་གྲོང་ཚོ་ནས་ཞྭ་གླིང་ཁ་ཤང་ཤོག་གཞི་གྲོང་ཚོ་དང་སྟོབས་འབར་ཤང་བཅུད་གཡང་གྲོང་ཚོར་ཆུ་འབྲས་འདེབས་ཁྱོན་མུའུ་0.3ནས་མུའུ་20ལྷག་ཙམ་བར་མང་དུ་བཏང་ཞིང་། ཁྱད་ཆོས་མི་འདྲ་བའི་འབྲས་སོན་3མཛོ་སྒང་གི་ཚ་སྐམ་རོང་གཞུང་དུ་ཚོད་འདེབས་བྱས།
ཟླ་བ་དང་ཚོགས་པས་འབྲས་སོན་3བདམས་པ་སྟེ།“རྫ་ཡུལ་ཨང་112པ”ཡི་འབྲས་རྡོག་སྒོར་ཞིང་སོག་རྐང་མཁྲེགས་པས་རོང་གཞུང་དུ་ལྷགས་པ་ཆེན་པོ་བརྒྱབ་ཀྱང་ཉལ་མི་འགྲོ་བ་དང་། “སན་འབྲས་ཨང་18པ” ཡི་སྙེ་རྡོག་ཆེ་ཞིང་སྙོམས་པ་དང་བཙོས་རྗེས་སྙི་ལ་མངར་སིལ་ལྡན་པ། འབྲས་དམར་གྱི་འབྲས་རྡོག་ཕྲ་ཞིང་རིང་བ་དང་པགས་པ་ཟིང་སྐྱ་ཡིན་པ་དང་གྲང་མོར་བཟས་ཀྱང་རྗེན་དྲི་མི་བྲོ་བས་ཟླ་འབྲས་བཟོ་བར་འཚམ།
ཟླ་5པའི་ཟླ་དཀྱིལ་དུ། སྟོབས་འབར་ཤང་བཅུད་གཡང་གྲོང་ཚོའི་ཆུ་འབྲས་ཞིང་ཁར་མཛོ་སྒང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་སྐལ་བཟང་གིས་དོར་མ་བརྫེས་ནས“རྫ་ཡུལ་ཨང་112པའི”འབྲས་མྱུག་འདམ་དུ་བཙུགས། ཟླ་5པའི་རོང་གཞུང་དུ་ཚ་གདུག་ཆེ་ཞིང་། སྐལ་བཟང་གིས་འཁྲིས་ཀྱི་ཤང་ལས་བྱེད་པར“ཚ་སྐམ་རོང་གཞུང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་རོང་གཞུང་གི་དཔལ་འབྱོར་འཕེལ་རྒྱས་ལམ་བུ་གསར་པ་ཞིག་གཏོད་དགོས”ཞེས་བཤད།
འབྲས་མྱུག་བཙུགས་རྗེས་ཁོང་གིས་ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར་7གྱི་ཚད་གཞི་གཞིར་བཟུང་། ས་ཡུལ་དངོས་སུ་བཅུད་གཡང་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་བསོད་ནམས་ཕུན་ཚོགས་ལ་སྔོན་མངགས་དངུལ་སྒོར་2100སྤྲད། བསོད་ནམས་ཕུན་ཚོགས་ཀྱིས་དངུལ་བླངས་ཏེ་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། འདི་ནི་མངགས་ཐོ་ཡིན་ལ་རྫོང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་ཁོང་ལ་སྟེར་བའི“སེམས་རྣལ་རིལ་བུ”ཞིག་ཀྱང་རེད།
མཛོ་སྒང་གི་ས་ཆུར་འཕྲོད་པའི་འབྲས་མྱུག
ཆུ་འབྲས་ནི་ལག་རྩལ་པ་ཁོ་ནའི་དོན་དག་ཅིག་མིན། གྲོང་ཚོ་རེར་ཚན་རྩལ་ཆེད་མངགས་པ་གཉིས་རེ་ཡོད་པ་དང་ལོ་ལྟར་གླ་ཆ་སྒོར་6000སྤྲོད་ཀྱི་ཡོད། ཞིང་དལ་སྐབས་སུ་ཁོ་ཚོ་ཨར་སྐྲུན་ལས་ཡུལ་དུ་ཞོར་ལས་ལ་འགྲོ་བ་དང་། ཞིང་ལས་བྲེལ་བ་ཆེ་བའི་སྐབས་སུ་མི་སེར་དང་མཉམ་དུ་འདེབས་འཛུགས་ལག་རྩལ་ལ་རྩེ་གཅིག་ཏུ་གྲོས་བསྡུར་བྱེད་ཀྱི་ཡོད། “ད་ལོ་སོ་སོས་འབྲས་བཏབ་པས་སེམས་ཁྲལ་དེ་བས་ཆེ་བ་འདུག ཐོན་འབབ་ཡག་པོ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་དབྲ་པ་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་དཔལ་འབྱོར་གྱིས་བཤད།
ན་ནིང་ལྗང་གསོའི་རྨང་སོན་ཡུན་ནན་ནས་ཉོས་པ་དང་ད་ལོ་མཛོ་སྒང་རྫོང་རང་ནས་འབྲས་མྱུག་སྐྱེད་སྲིང་བྱས་ཡོད། ཟླ་བས“གཞན་ཡུལ་ནས་ཉོས་པའི་འབྲས་མྱུག་ཡག་པོ་ཇི་ལྟར་ཡོད་རུང་སོ་སོས་སྐྱེད་སྲིང་བྱས་ཤིང་མཛོ་སྒང་གི་ས་ཆུར་འཕྲོད་པའི་འབྲས་མྱུག་ལྟར་ཡག་པོ་མེད”ཅེས་བཤད།
བུ་འབྲུག་འབྲས་ཞིང་གི་བདག་སྐྱོང་པར་གྱུར་ཞིང་། ཁོང་གིས་ཆུ་འབྲས་འདེབས་མཁན་ཞིང་དུད་སྒྲིག་འཛུགས་བྱས་ནས་ཉིན་ལྟར་མི་གཉིས་རེ་ལས་རེས་བཟོས་ཏེ་ཆུ་འབྲས་ལ་ཆུ་ཐེངས་གསུམ་གཏོང་གི་ཡོད། ཞོགས་པ་སྔ་པོ་ཟིལ་པ་ད་དུང་ཡལ་མེད་ཀྱང་རྣང་མའི་བར་དུ་ལས་ཀར་བྲེལ་བའི་མི་མཐོང་རྒྱུ་ཡོད་པ་དང་། ས་སྲོས་སུ་མཚམས་སྤྲིན་གྱི་འོད་མདངས་རི་རྩེ་ནས་ཡོལ་བའི་སྐབས་སུའང་ཆུ་ཡུར་ནས་ད་དུང་ཆུ་ཤང་ཤང་བཞུར་བའི་སྒྲ་ཐོས་རྒྱུ་ཡོད།
ཤོག་གཞི་གྲོང་ཚོ་དང་བཅུད་གཡང་གྲོང་ཚོའི་འབྲས་ཞིང་དུའང་དེ་དང་འདྲ་བའི་རྣམ་པ་མངོན། མུའུ་20ལྷག་ཙམ་ཟིན་པའི་འབྲས་ཞིང་ཤང་གསུམ་དུ་ཁ་ཐོར་དུ་གནས་ཡོད་པས་ཟླ་བ་དང་ལག་རྩལ་པ་བཞི་པོར་ལས་ཀ་ཧ་ཅང་མང་པོ་ཡོད་པ་སྟེ། དེ་རིང་སྟོབས་འབར་ཤང་དུ“སན་འབྲས་ཨང་18པའི”སྔོ་ལོག་གནས་ཚུལ་ཚད་འཇལ་བྱེད་པ་དང་། སང་ཉིན་སླར་ཡང་ཞྭ་གླིང་ཁ་ཤང་དུ་འབྲས་དམར་སྡོང་རྐང་གི་མཐོ་ཚད་ལ་ལྟ་བར་འགྲོ་དགོས་པ། གནངས་ཉིན་བཀྲ་གཡུས་གྲོང་རྡལ་དུ་འབྲས་དམར་མྱུག་གྱེས་ལ་ལྟ་བར་འགྲོ་དགོས་ཀྱི་ཡོད། ཁོང་ཚོས་ཟིན་དེབ་ཐོག བཅུད་གཡང་གྲོང་ཚོའི“རྫ་ཡུལ་ཨང་112པའི”སྡོང་པོའི་མཐོ་ཚད་ལི་སྨི་30ཙམ་སླེབས་པ་དང་། དབྲ་པ་གྲོང་ཚོའི་འབྲས་མྱུག་གསོན་ཚད་སྔོན་དཔག་ལས་བཅུ་ཆ་གཅིག་གིས་མཐོ་བ་ཡོད་པ་བཀོད་ཡོད།
དེ་སྔ་མཛོ་སྒང་བས་འབྲས་ས་ཆ་གཞན་ནས་ཉོ་དགོས་ཀྱི་ཡོད་པ་དང་། ད་ཆ་སྒོ་འགྲམ་གྱི་འབྲས་ཞིང་ནས་ཐད་ཀར་ཐོན་འབབ་ཡོང་གི་ཡོད། འབྲས་ཀྱི་ཐོན་འབབ་ནི་ལག་རྩལ་པའི་འབྲས་མྱུག་གསོ་བའི་ལག་རྩལ་དང་། གྲོང་སྡོད་ལས་བྱེད་པས་ཉིན་ལྟར་ཞིང་ཁར་སྐོར་གཡེང་བྱེད་པའི་རྐང་རྗེས། འདེབས་འཛུགས་དུད་ཚང་གིས་རེས་མོས་ངང་ཆུ་ཡུར་འགྲམ་དུ་སྲུང་བའི་གཟུགས་བརྙན་བཅས་ལས་བྱུང་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།