སྐྱིད་གྲོང་ནས་ཡིན་པའི་ཚེ་རིང་བསམ་གྲུབ་ཀྱི་སེམས་ཁྲལ་སེལ་འདུག
ཟླ་8ཚེས་29ཉིན། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ས་ལེ་ཤང་ཁ་སྤང་གྲོང་ཚོའི་ཚེ་རིང་བསམ་གྲུབ་ལ་ཡུན་རིང་རེ་སྒུག་བྱས་པའི་སློབ་ཆེན་ལ་ཚུད་པའི་བརྡ་ཐོ་འབྱོར་བ་རེད།
རྫོང་ནས་ཚེ་རིང་བསམ་གྲུབ་ཀྱི་ཁྱིམ་བར་ལ་རི་ལམ་བརྒྱུད་དེ་ཆུ་ཚོད་4ཙམ་སྐྱོད་དགོས་པ་དང་། ཟླ་8ཚེས་26ཉིན་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པས། ས་ལེ་ཤང་གི་འགྲོ་ལམ་ལ་གཏོར་སྐྱོན་ཕོག་པ་མ་ཟད། གློག་དང་འཕྲིན་གཏོང་ཀྱང་ཆད་ཡོད། ཁ་སྤང་གྲོང་ཚོ་གནོད་འཚེ་ཕོག་ཁུལ་གཙོ་བོ་མིན་རུང་། འགྲོ་ལམ་འདབ་རྫབ་ཀྱིས་ཁེངས་པས་གྲོང་མི་རྣམས་ལ་འགྲོ་སྐྱོད་ཁག་པོ་བཟོས་ཡོད་པ་རེད།

སྦྲག་སྲིད་ལས་དོན་པས་རྒུད་སྐྱོབ་དངོས་ཟོག་དབོར་རོགས་བྱེད་པ།
ལམ་འགག་པའི་སེམས་ཁྲལ་ལས་སློབ་ཚུད་ཀྱི་བརྡ་ཐོ་མ་འབྱོར་བའི་སེམས་ཁྲལ་ཆེ་བ་ཡོད། ཚེ་རིང་བསམ་གྲུབ་ཀྱིས“ད་རེས་ཀྱི་གནོད་འཚེས་ང་ཚོའི་གྲོང་ཚོར་སྐྱོད་སའི་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་པས། ང་རང་གི་སློབ་ཚུད་བརྡ་ཐོ་དུས་ཐོག་ཏུ་འབྱོར་ཐུབ་ཀྱི་མ་རེད་བསམས་ནས་སེམས་ཁྲལ་ཆེན་པོ་བྱུང”ཞེས་བཤད།
ཚེ་རིང་བསམ་གྲུབ་ལས་སྦྲག་སྲིད་པ་དེ་བས་སེམས་ཁྲལ་ཆེ་བ་ཡོད། གནོད་འཚེ་ཐོན་རྗེས་ཀྲུང་གོ་སྦྲག་སྲིད་གཞིས་རྩེ་གྲོང་ཁྱེར་ཡན་ལག་ཀུང་སིས་གེགས་ཁུལ་གྱི་མཐོ་རྒྱུགས་ཀྱི་སློབ་ཚུད་བརྡ་ཐོ་འཕྲལ་མར་སྐྱེལ་རྒྱུ་དེ་ལས་འགན་གཙོ་བོར་བཞག་ནས“བརྡ་ཐོ་མི་བརླགས་པ་དང་། དུས་ཐོག་ཏུ་སྐྱེལ་བ། ཞུ་གཏུག་མི་འབྱོར་བ”བཅས་བྱེད་ཐུབ་པ་བྱས་ཡོད། སྦྲག་སྲིད་སྐྱིད་གྲོང་རྫོང་ཡན་ལག་ཀུང་སིའི་འགན་འཁུར་བ་བཀྲ་ཤིས་སྟོབས་ལྡན་གྱིས། གནོད་འཚེའི་ཉེན་ཁ་ཇི་ལྟར་ཆེ་བ་དང་ལམ་ཇི་འདྲ་སྡུག་ནའང་ཁོང་ཚོའི་སློབ་ཚུད་བརྡ་ཐོ་དུས་ཐོག་ཏུ་སྐྱེལ་ཐུབ་པ་བྱས་པ་ཡིན་ཞེས་བཤད།

སྦྲག་སྲིད་ལས་དོན་པས་དངོས་ཟོག་ལ་ཐུམ་རྒྱག་བཞིན་པ།
ཟླ་8ཚེས་29ཉིན། སྦྲག་སྲིད་ལས་དོན་པ་བསོད་ནམས་རྡོ་རྗེ་ཁ་སྤང་གྲོང་ཚོར་འབྱོར་ནས་སློབ་ཚུད་བརྡ་ཐོ་ཚེ་རིང་བསམ་གྲུབ་ལ་སྤྲོད་སྐབས། ཉིན་ཤས་རིང་གི་གཞོན་ནུ་དེའི་སེམས་ནང་གི་རྡོག་ཁྲེས་གཞི་ནས་ཕབ་པས། ཆུ་རུད་ཀྱི་དངངས་སྐྲག་དང་། འགྲོ་ལམ་ཆད་པའི་སེམས་ཁྲལ། ཉིན་མཚན་མེད་པའི་རེ་སྒུག་བཅས་ཚང་མ་དེ་མ་ཉིད་དུ་འཇའ་ཡལ་བ་ལྟར་གྱུར་ཡོད།

འབྲེལ་ཡོད་གསར་འགྱུར།